བསྒྱུར་རྩོམ།

    ་   ལྷ་ས། འཇིགས་སྣང་ཁྲོད་ཀྱི་སྐད་འབོད།
                ་         
                     བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་བརྩམས།
                    བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས་བསྒྱུར།
   
        འདི་ནི་ལྷ་སའི་འཇིགས་སྣང་པེ་ཅིང་ནང་མཐོང་བ། ཞེས་པའི་རྩོམ་དུམ་གཉིས་པ་དེ་རེད། རྩོམ་དུམ་དང་པོ་དེ་ནི་རྩོམ་པ་པོའི་གློག་ཀླད་བཅག་པའི་སྐབས་བོར་རླག་ཏུ་ཕྱིན་འདུག་པས་དེ་ཉིད་མྱུར་དུ་རྙེད་ཐུབ་པ་དང༌། བོད་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ཐུབ་པའི་རེ་བ་ཡོད།་དབྱིན་སྒྱུར་བས། 
       
ཟླ་བ་བཞི་པའི་ཉིན་ཞིག་ལ་ཁམས་དང་ཨ་མདོ་ལ་ཡོད་པའི་གྲོགས་པོ་གཉིས་ལ་འཚམས་འདྲི་ཞུ་བའི་ཆེད་ཁ་པར་ཞིག་བཏང་བ་ཡིན།   སྟབས་ལེགས་པ་ཞིག་ལ།     ཁོང་ཉིས་ཀ་བདེ་བོ་རེད་འདུག   ང་དགོད་བྲོ་ཞིང་སེམས་སྐྱོ་བ་ཞིག་གང་གིས་བྱས་སོང་ཞེ་ན།     ཁོང་གཉིས་བོད་པའི་ས་གནས་མི་འ྄དྲ་བ་གཉིས་ཀྱི་ནང་བསྡད་ཡོད་ན་ཡང༌།  ཁོང་གཉིས་ཀྱིས་ང་ལ་བསྐྱར་ཟློས་ཀྱིས། གཟབ་གཟབ་གྱིས། ཞེས་ནན་སྐུལ་གྱིས་བརྗོད་བྱུང༌།   

        འདིས་ང་ལ་དྲན་གསོ་འདི་ལྟར་བཏང་བྱུང༌།    བོད་ཀྱི་ལོ་གསར་གྱི་སྐབས་ང་ལྷ་ས་ཡོད་པའི་དུས་ཤིག་ལ། སེམས་ཀྱི་སྙིང་གཏམ་ཡོངས་རྫོགས་དྲང་པོར་བཤད་པའི་ངའི་གྲོགས་པོ་དེས་གསུང་དོན་ལ། དེང་གི་ཆར་ང་ཚོས།  བཀྲ་ཤིས་བདེ་ལེགས། ཞེས་འཚམས་འདྲི་བྱེད་རྒྱུ་མི་འདུག  གང་ཡིན་ཟེར་ན་ང་ཚོ་ལ་བཀྲ་ཤིས་པ་གང་ཡང་མི་འདུག་ལ། བདེ་ཞིང་ལེགས་པ་ཡང་གང་ཡང་མི་འདུག    དེས་ན་ང་ཚོས་ཁ་ཏའི་ཚུལ་དུ་བརྗོད་དགོས་པ་ནི། གཟབ་གཟབ་གྱིས། ཞེས་པ་འདི་རེད། ཅེས་ཟེར།      ཁོང་གིས་ང་གཉིས་གྱེས་མཇལ་བྱས་པའི་སྐབས་ལའང༌།  གཟབ་གཟབ་གྱིས་ཞེས་བརྗོད་ནས་ཁོང་མི་ཚོགས་གསེབ་མི་མངོན་པར་གྱུར་སོང༌།

    ཁོང་ནི་བོད་ཆས་སྤྲས་མེད་ན་ཡང་བོད་པ་ཡིན་པར་ལམ་སེང་ཤེས་ཐུབ་པའི་བོད་མི་ཞིག་རེད། ངས་ཁོང་ཉེ་ཆར་རང་ངོ་ཤེས་སོང་ལ། ང་ཁོང་དང་ཐེངས་གསུམ་ཙམ་ཐུག་མྱོང༌། ཡིན་ན་ཡང༌། ངས་ཁོང་གི་སྐོར་གཏིང་ཟབ་པོ་གསལ་བཤད་བྱེད་ཀྱི་མིན། གང་ཡིན་ཟེར་ན། ཁོང་གིས་ང་ལ་བསྐྱར་ཟློས་ཀྱིས་བརྗོད་དོན་ལ། ང་སུ་ཡིན་མ་འབྲི་རོགས། ང་ད་དུང་ལྷ་སར་ལོག་འདོད་ཡོད། ངའི་ངོ་སྤྲོད་ལག་འཁྱེར་ཁོང་ཚོས་བཤུས་སོང་ལ་ད་དུང་ངའི་དཔར་ཡང་ཉར་སོང༌། ང་སུ་ཡིན་མ་འབྲི་མ་གཏོགས་ང་ཁོང་ཚོས་འཚོལ་ངེས་རེད། ཅེས་ཟེར།

    ཁོང་ནི་ལོ་གཞོན་ཞིང་སྐྱེས་གཟུགས་ལེགས་པའི་ཨ་མདོ་བ་ཞིག་རེད། འོན་ཏེ། ཆེས་འཛིངས་པའི་ཁོང་གི་སྨིན་མ་རྣམས་ལ་བལྟས་ན་སྡུག་བསྔལ་གྱིས་གནོན་པ་དང་འདྲ་བ་ཞིག་རེད། གང་ཞིག་གིས་འཇིགས་སྣང་གིས་སྐུལ་བ་བཞིན་རྒྱབ་མདུན་སོགས་ལ་ཡང་ཡང་བལྟ་གི་རེད།་ གནས་སྟངས་འདི་འདྲ་ཞིག་ཡོད་ན་ཡང༌། ཁོང་གིས་ངས་བཅར་འདྲི་ཞུ་རྒྱུ་ལ་དང་ལེན་བྱས་སོང༌།
    ང་གཉིས་ཧོབ་སྟེ་ཐུག་པ་ཞིག་རེད་ལ་སྟེས་དབང་གིས་བྱུང་བའི་ངེད་གཉིས་ཀྱི་ཐུག་འཕྲད་འདི་ནི་སྔོན་ནས་གཏན་འབེབས་བྱས་པ་བཞིན་མངོན་བྱུང༌། ས་ཆ་དེ་དང་དུས་ཚོད་དེ་ལ་བྱུང་བའི་ངེད་གཉིས་ཀྱི་ཐུག་འཕྲད་འདི་ནི་ཁོང་གིས་རང་ཉིད་ཀྱི་མྱོང་ཚོར་རྣམས་ང་ལ་བཤད་འདོད་ཡོད་པ་བཞིན་མངོན་བྱུང༌།
ཡིན་ན་ཡང༌།  ངས་ཁོང་ཡང་བསྐྱར་ཐུག་རྒྱུའི་ཐབས་ཤེས་མ་བྱས་བར་བཅར་འདྲི་ཡག་པོ་ཞིག་བྱུང་མ་སོང༌།  མི་མང་པོ་ཞིག་གིས་ང་གཉིས་ཀྱི་རྗེས་དེད་གཏོང་བཞིན་འདུག་པས་ང་གཉིས་སོ་སོའི་ལམ་ཁར་འགྲོ་དགོས་བྱུང་སོང༌།  ང་གཉིས་ཀྱི་ཐུག་འཕྲད་གསུམ་པ་དེ་ནི་ཆེས་གསང་བ་དང་གཟབ་གཟབ་ངང་བྱས་པ་ཡིན་པས་ཕལ་ཆེར་མི་སུ་གང་གིས་དོ་སྣང་བྱུང་མེད་པས་ངས་གནས་ཚུལ་ཡོད་ཚད་སྒྲ་འཇུག་བྱས་ཐུབ་པ་ཞིག་བྱུང་སོང༌།
    ཉིན་གུང་ཞིག་ལ་ངེད་གཉིས་སྤྲོ་ཁང་གི་སྒོ་སྒེའུ་ཁུང་དང་ཅུང་རྒྱང་་རིང་ན་ཁ་གཏད་དུ་ཡོད་པའི་མདུན་འཇོག་ཅིག་བདམས་ཏེ་བསྡད་ཅིང༌། དེ་ལྟར་བྱེད་ན། རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་རྣམས་མཐོང་ཐུབ་པ་དང༌།  ང་ཚོའི་རྐུབ་བཏེགས་ཀྱི་རྒྱབ་དེ་གཞན་ལས་ཅུང་མཐོ་བ་འདུག་པས་མི་གཞན་ཚོས་ངེད་གཉིས་ལ་ལས་སླ་བོའི་ངང་དོ་སྣང་བྱེད་ཐབས་མེད་པ་ཞིག་རེད། ད་དུང་ངེད་གཉིས་ཀྱི་འཁྲིས་ལ་མི་མང་པོ་ཞེ་དྲག་མི་འདུག་ལ། ཁ་ཤས་ཡོད་པ་རྣམས་ཀྱིས་ཏག་སེ་རྩེ་བ་དང་ཕན་ཚུན་གླེང་མོལ་བྱེད་བཞིན་འདུག
    JW    ཡིས་ངས་སྒྲ་འཇུག་བྱེད་གྲབས་ཡོད་པ་མཐོང་མ་ཐག་ཁོང་གིས་འདི་ལྟར་བཤད་སོང༌། འདིར་ JW ཞེས་པ་ལས་དངོས་མིང་མ་བྲིས་པ་ནི་ཁོང་གི་བདེ་འཇགས་་ཀྱི་ཆེད་དུ་ཡིན་སྙམ་པས་འདིར་ཡང་དེ་ལྟར་བྲིས་པ་ཡིན།
    ངས་ཕྱི་ཟླ་གསུམ་པའི་ཚེ་བཅུ་ནས་མགོ་བཙུགས་ཏེ་བཤད་དགོས་ཀྱི་འདུག དགོང་དྲོ་ཆུ་ཚོད་ལྔ་པ་ཙམ་ཞིག་གི་ཉིན་གུང་དེར།     ང་མ་སྐྱེས་ཨ་མའི་ཟ་ཁང་༼འདི་ནི་བོད་ཀྱི་ཟ་ཁང་ཞིག་སྟེ་བར་སྐོར་ནང་གི་ཤར་གྱི་ཁྲོམ་ལམ་དང་ལྟོ་ཡི་ཁྲོམ་ལམ་གྱི་སྣེ་དེ་ལ་ཆག་ཡོད་པ་རེད།༽ དུ་འབྱོར་མ་ཐག་ངའི་གྲོགས་པོ་ཞིག་དང་ཐུག་བྱུང༌།   ཁོང་གིས་གཙུག་ལག་ཁང་དུ་བྱུང་བའི་གནས་ཚུལ་དེ་བཤད་བྱུང༌།   ང་ཚོ་གནས་ཚུལ་གང་བྱུང་་ལ་བལྟ་བའི་ཆེད་རྒྱུགས་ཕྱིན་པ་ཡིན་ལ། ང་ཚོས་བོད་མི་བརྒྱད་འཛིན་བཟུང་བྱས་པ་དང༌།  ཁོང་ཚོས་ཉེན་རྟོག་པའི་འཕྲུལ་འཁོར་ལ་རྡོ་གཞུས་པ་མཐོང་བྱུང༌། དེའི་ནང་གི་མི་བཞི་ནི་གྲྭ་བ་རེད་འདུག    ཁ་ཤས་ཀྱིས་བཤད་དོན་ལ་གཞན་བཞི་པོ་དེ་ཁམས་པ་རེད་འདུག་ཟེར་ལ་ཁ་ཤས་ཀྱིས་ཨ་མདོ་བ་རེད་འདུག་ཟེར། 
    གང་ལྟར་ཡང༌། ཁོང་ཚོ་ནི་ལོ་གཞོན་གཞོན་རྐྱང་པ་རེད་འདུག   ད་དུང་ཁ་ཤས་ཀྱིས་བཤད་དོན་ལ།  འདིའི་སྔོན་ནས་གྲྭ་བ་ཁ་ཤས་འཛིན་བཟུང་བྱས་ཚར་སོང་ཟེར། བར་བསྐོར་ཉེན་རྟོག་ཁང་ནས་ཡིན་པའི་ཉེན་རྟོག་པ་དེ་དག་གིས་མང་ཚོགས་ལ་གདུག་རྩུབ་ཆེན་པོས་ཉེས་རྡུང་བཏང་ཡོད་པ་ལྟར་མངོན་བྱུང་། ལྟད་མོ་ལྟ་མཁན་ཡང་མང་པོ་ཞིག་འདུག བོད་མི་ཁ་ཤས་ཀྱིས་སྐད་ཤུགས་ཆུང་ངུའི་ངང༌།    སྙིང་རྗེ་སྙིང་རྗེ། ཞེས་བརྗོད་བཞིན་འདུག            རྨོ་ལགས་ཁ་ཤས་ངུ་བཞིན་འདུག་ལ་ཁོང་ཚོས་ཁ་ནི་གང་ཞིག་གིས་འགེབས་འདུག ངའི་གྲོགས་པོས་ལག་ཐོགས་ཁ་པར་གྱིས་པར་ཁ་ཤས་བརྒྱབ་སོང༌། གྱོན་ཆས་དཀྱུས་མ་གོན་པའི་ཉེན་རྟོག་པ་ཞིག་དེར་སླེབས་ནས་ཁ་པར་འཁྲོག་སྟེ་གཞུང་བཞེས་བཏང་སོང༌། ང་ཚོ་ཞེ་དྲག་ཞེ་སྣང་ཆེན་པོ་བྱུང༌།
 
    ཉིན་གཉིས་པ་དེ་ལ།  བར་བསྐོར་གྱི་ཁྲོམ་ལམ་ནང་དུ་གྱོན་ཆས་དཀྱུས་མ་གོན་པའི་ཉེན་རྟོག་པ་ཧ་ཅང་མང་པོ་སླེབས་བྱུང༌།    ད་དུང་སྐྲ་ཐུང་ཐུང་བཞག་པའི་བུད་མེད་སུམ་ཅུ་བཞི་བཅུ་ཞིག་སླེབས་སོང་ལ།   ཁོང་ཚོ་ནི་རྒྱ་རིགས་ཧན་ཡིན་འདུག  མི་ཚོས་ཕན་ཚུན་གླེང་མོལ་བྱེད་པ་ཁོང་ཚོས་མཐོང་མ་ཐག་འཁྲིས་སུ་སླེབས་ནས་སྐད་ཆ་རྣམས་ཉན་གྱི་འདུག   ཁོང་ཚོས་སྐད་ཆའི་ནང་དོན་ཤེས་ཀྱི་ཡོད་མེད་ཧ་གོ་མ་སོང༌། འོན་ཏེ། ཁོང་ཚོ་མི་མང་ལ་ཞེད་ཀྱི་ཡོད་འདུག    ཁོང་ཚོས་ཐང་ཆེན་ཆེན་གྱི་སྟེང་དུ་ཉིན་གུང་དང་དགོང་དྲོའི་ཁ་ལག་ཟ་གི་འདུག་ལ་ཁ་ལག་ནི་ཤོག་སྒམ་ནང་དུ་ཡོད་ཅིང་ཁོང་ཚོ་ལ་འགྲེམས་སྤེལ་བྱས་པ་ཞིག་རེད་འདུག    དེར་འགྲུལ་འཁོར་ཁ་ཤས་འདུག་པ་དེ་དག་གིས་སྒམ་ནང་དུ་ཡོད་པའི་ཉིན་གུང་དང་དགོང་དྲོའི་ཁ་ལག་རྣམས་དབོར་ཡོང་གི་ཡོད་འདུག    ཉིན་མ་ནུབ་གྲབས་བྱེད་པའི་སྐབས་མ་གཏོགས་མི་ཚོགས་རྣམས་མེད་པར་ཆག་མ་སོང༌།     བོད་མི་ཚང་མས་དྲག་ཆས་མ་སྤྲས་པ་དེ་ཚོ་ཡང་ཉེན་རྟོག་པ་ཡིན་པར་ཤེས་ཀྱི་ཡོད་རེད། ང་ཚོས་ཕན་ཚུན་དྲན་གསོ་བཏང་བཞིན་བསྡད་པ་ཡིན། ལྟ་སྣང་ལ་ཞེ་དྲག་གཏུམ་དྲག་ཆེ་བའི་ཉེན་རྟོག་པ་མང་དུ་ཕྱིན་སོང་ལ།  ཁོང་ཚོ་ཐང་ཆེན་ནང་དུ་ཡར་མར་འགྲོ་བཞིན་འདུག
    ཨོ།     འདི་བདེན་པ་རེད།   ངས་གོ་ཐོས་ལ་འབྲས་སྤུངས་དང་སེ་ར་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་དང་ཁོང་ཚོར་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་ཡོད་འདུག་ལ་ཇོ་ཁང་དང་ར་མོ་ཆེའི་གཙུག་ལག་ཁང་ཡང་མང་ཚོགས་ལ་སྒོ་རྒྱབ་བྱས་ཡོད་འདུག       
ཚེས་བཅུ་བཞིའི་ཉིན་དེར། ངས་དྲན་གསལ་བོར་སོས་པ་ཞིག་ལ། ང་ཉིན་གུང་ཆུ་ཚོད་༡༡། ༢༠ ཙམ་ལ་ཐོན་པ་ཡིན།  ངས་ལེ་ཚན་འདི་བཏོན་པ་ཡིན།    དེའི་སྔོན་ཙམ་ལ་ངས་སྐད་འབོད་ཀྱི་སྒྲ་ཐོས་བྱུང༌། ངས་ཁོང་གིས་བཤད་མཚམས་བཅད་ནས། ངས་གཟུགས་མཐོང་གློག་འཕྲིན་ནང་ནས་འདི་མཐོང་སོང༌།  གྲོང་གསེབ་ཁུལ་དང་རྩྭ་ཐང་ཁུལ་ནས་སླེབས་པའི་བོད་མི་དེ་ཚོ་གཅིག་པུས་དེ་ལྟ་བུའི་སྐད་འབོད་རྒྱབ་ཐུབ་ཀྱི་རེད་མ་གཏོགས་གྲོང་ཁྱེར་ནང་དུ་ཡོད་པའི་བོད་མི་དེ་ཚོའི་མགྲིན་པ་ནི་སྟོབས་ཤུགས་ཉམས་ཟིན་པ་ཡིན་པས་ཁོང་ཚོས་སྐད་འབོད་དེ་འདྲ་རྒྱབ་ཐུབ་ཀྱི་མ་རེད།  ཅེས་བརྗོད་པ་ཡིན། ལྷག་དོན་དུ་ངས་འདི་ལྟར་བརྗོད་འདོད་བྱུང༌། དེ་ནི་བོད་པའི་སི་རྒྱབ་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད།  ཡིན་ན་ཡང༌།  དེ་ནི་སྤྱང་ཀིས་ངུ་རྒྱངས་སྒྲོག་པ་ལྟར་མངོན་བྱུུང༌། 

    JW ཡིས་མགོ་གཡུག་གཡུག་ཅིག་བྱས་ནས་བཤད་དོན་ལ། རེད། སྐད་དེ་ག་རང་རེད། ཞོགས་པ་ཆུ་ཚོད་ ༡༡/༢༠ཙམ་ལ་རྒྱུན་ལྡན་གྱི་ཉིན་མོ་བཞིན་ང་ངའི་གྲོགས་པོ་ཁ་ཤས་དང་ལྷན་ར་མོ་ཆེའི་གཙུག་ལག་ཁང་གི་འཁྲིས་ནས་ཕྱིན་པ་ཡིན།  དེར་གནས་ཚུལ་ཞིག་བྱུང་མ་ཐག་རེད་འདུག  བོད་མི་མང་བོ་ཞིག་གིས་སྐད་འབོད་རྒྱབ་པ་དང་དམག་མི་རྣམས་ལ་རྡོ་གཞུས་བཞིན་འདུག  ང་ཚོ་ཚང་མ་དངངས་སྐྲག་ཆེན་པོ་བྱུང༌། ང་ཚོའི་འགྲམ་དུ་ཡོད་པའི་མི་ཚོས་ཉིན་མ་ཁ་ཤས་སྔོན་ནས་ར་མོ་ཆེའི་གཙུག་ལག་ཁང་གི་རྒྱལ་སྒོའི་འཁྲིས་སུ་ཉེན་རྟོག་པའི་རླངས་འཁོར་མང་བོ་བཞག་འདུག་ཅེས་བརྗོད་བཞིན་འདུག        དེ་ག་རང་དུ་གྲྭ་བ་ཁ་ཤས་དོན་ཡོང་ནས་རླངས་འཁོར་དེས་གཙུག་ལག་ཁང་གི་ལམ་ཁར་འགོག་གི་ཡོད་ལུགས་ཀྱིས་རླངས་འཁོར་དེ་ཚོ་མགོ་མཇུག་སློག་ཐབས་བྱས་བཞིན་འདུག    དེ་མ་ཐག་ཉེན་རྟོག་པ་དེ་ཚོས་ཁོང་ཚོ་འཛིན་བཟུང་གི་ཆེད་དམག་དཔུང་སྐད་བཏང་སོང་ལ། དམག་མི་དེ་ཚོས་ལག་ཏུ་དབྱུག་པ་དང་ཕུབ་འཁྱེར་ནས་གྲྭ་བ་དེ་ཚོ་ལ་ཉེས་རྡུང་བཏང་མགོ་བཙུགས་སོང༌།
    སྲང་ལམ་དུ་ཡོད་པའི་བོད་མི་དེ་ཚོས་མུ་མཐུད་དེ་བལྟས་ནས་བསྡད་མ་བཟོད་པར་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་མགོ་བཙུགས་སོང༌།      ངས་མཐོང་གསལ་ལ་བོད་མི་དེ་ཚོ་ཞེ་དྲག་གཞོན་གཞོན་རེད་འདུག་ལ་གྱོན་ཆས་ཀྱང་ཡག་པོ་གོན་མི་འདུག    རྡོ་གཞུས་བཞིན་པའི་སྐབས་དེར་ཁོང་ཚོས། ལོངས་ཤོག    བོད་མི་རྩམ་གཟན་ཚོ། ཞེས་སྐད་ཤུགས་ཆེན་པོས་བརྗོད་གིན་འདུག    བོད་མི་སྒོ་འཚོང་བ་ཞིག་ཁོང་ཚོ་དང་ལྷན་མཉམ་ཞུགས་བྱེད་འདོད་ཆེན་པོ་འདུག་ཀྱང༌།   ཁོང་གི་ཆུང་མས་ངུ་འབོད་བྱས་བཞིན་ནུས་ཤུགས་ཡོད་ཚད་ཀྱིས་ཁོང་གི་དཔུང་བ་ནས་འཇུས་ཏེ་འདྲུད་ཐབས་བྱས་ནས། དེར་མ་འགྲོ་རོགས་གྱིས། ཞེས་ཞུ་བ་འཐེན་སོང༌།
དེར་བུ་མོ་ཡང་མང་བོ་ཞིག་འདུག་ལ།   ཁོང་ཚོས་ང་ཚོ་ལ། ཕོ་གཞོན་ཚོ།  ཁྱེད་ཚོ་ད་དུང་བོད་པ་ཡིན་ནམ། གལ་སྲིད་བོད་པ་ཡིན་ན་ང་ཚོ་དང་ལྷན་མཉམ་ཞུགས་བྱེད་པར་ཤོག    ཅེས་བརྗོད་བྱུང༌། ཁོང་ཚོས་ང་ཚོ་མཉམ་ཞུགས་མ་བྱས་པར་མཐོང་བ་དང་ཁོང་ཚོས་མཆིལ་མ་ས་ལ་འཕངས་ནས་ང་ཚོ་ལ་མཐོང་ཆུང་གིས། ངོ་ཚ་ ངོ་ཚ་ཞེས་བརྗོད་བྱུང༌།

    ངས་ཁྱེད་ལ་དྲང་བོར་བཤད་ན།   ང་སེམས་པ་ཞེ་དྲག་སྐྱོ་སོང༌།  ཡིན་ན་ཡང༌།  ང་ཁོང་ཚོ་དང་ལྷན་མཉམ་ཞུགས་བྱས་ཐུབ་མ་སོང་བས་ང་ཟུར་ཞིག་ཏུ་ལངས་ནས་བལྟས་བསྡད་པ་ཡིན། ངའི་གྲོགས་པོ་ཁ་ཤས་ཤིག་དེར་རྒྱུགས་ནས་རྡོ་ཁ་ཤས་འཕངས་སོང༌།  ཡིན་ན་ཡང༌།  ཁོང་ཚོ་ལམ་སེང་ཚུར་རྒྱུགས་ནས་སླེབས་སོང༌།  
སྒུག་དང༌། ཡང་ངས་ཁོང་གིས་བཤད་མཚམས་བཅད་ནས།    ཁྱེད་ཀྱིས་བསམ་པར་ལས་འགུལ་འདི་སྔོན་ནས་གཏན་འབེབས་དང་གྲ་སྒྲིག་བྱས་པ་ཞིག་རེད་དྲན་གྱི་འདུག་གམ།    ཞེས་དྲིས།   
དཀོན་མཆོག་གསུམ། དེ་དེ་འདྲ་རེད་མི་འདུག  JWཡིས་སྐྱོ་ཉམས་དང་བཅས་མུ་མཐུད་ནས་བཤད་དོན་ལ། ཁོང་ཚོས་གཞུས་པའི་རྡོ་རྣམས་ནི་ཁྱིམ་མཚེས་ཀྱི་ཁང་པ་གསར་རྒྱབ་ཀྱི་རྡོ་དེ་དག་རེད་འདུག ཁོང་ཚོ་ཁ་ཤས་ཀྱིས་གྲི་འཁྱེར་འདུག ཡིན་ན་ཡང་དེ་དག་ནི་བོད་པའི་གྲི་རེད་མི་འདུག་ལ། དེའི་སྒང་ལ་གྲི་རིང་བོ་རེད་འདུག    ཁོང་ཚོས་སྔོན་ནས་དེ་དག་གང་ནས་རག་ཡོད་མེད་ཀྱང་ངས་ཤེས་མ་སོང༌། ༼ཕྱི་རྒྱལ་བ་མང་བོ་ཞིག་གིས་བོད་ཆས་སྤྲས་པའི་མི་དེས་གྲི་རིང་བོ་ཞིག་ཐོགས་པའི་དཔར་དེ་མཐོང་ནས་བོད་པའི་ལས་འགུལ་ནང་འཚེ་བ་འདྲེས་ཡོད་ལུགས་ཀྱི་བསམ་ཚུལ་འཛིན་མཁན་མང་བོ་ཞིག་འདུག་ཅིང༌། དཔར་དེ་ཕྱི་རྒྱལ་ཚགས་ཤོག་ཅིག་གི་སྟེང་དུའང་བཀོད་འདུག་པས། མི་དེ་ནི་བོད་ཆས་སྤྲས་པ་ཙམ་ལས་བོད་མི་མིན་པར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་མཁས་དབང་འཇམ་དབྱངས་ནོར་བུ་ལ་བཅར་འདྲི་བྱས་པ་ཞིག་གི་ནང་རྒྱུ་མཚན་གསལ་བོར་གསུངས་སོང་བས་བོད་མི་ཚོས་དེ་ངེས་པར་དུ་མཁྱེན་དགོས་པ་ཞིག་རེད་འདུག་སྙམ། ཞེས་བོད་སྒྱུར་བས།༽ མི་མང་པོ་ཞིག་གིས་ཁ་བཏགས་གོན་ནས་འདུག་ལ། དེ་ནི་ཕལ་ཆེར་ཉེ་འཁོར་གྱིས་ཚོང་ཁང་དེ་ཚོའི་ནང་ནས་གཡོག་པ་ཡིན་སྲིད་པ་ཞིག་རེད། གང་ལྟར་ཡང༌།  ཚོང་ཁང་དེ་ཚོའི་ནང་ཁ་བཏགས་ཞེ་དྲག་མང་བོ་འདུག  དེ་ནས་ཁོང་ཚོ་ར་མོ་ཆེའི་གཙུག་ལག་ཁང་ནས་ཁྲོམ་གཟིགས་ཁང་བར་སྐོར་གྱི་སྣེ་ལ་ཡོད་པའི་ཁྲོམ་ལམ་ཞིག་ནང་དུ་རྒྱུགས་ཕྱིན་སོང༌། དེའི་ལམ་ཁར་རྒྱ་མི་དང་རྒྱ་ཁ་ཆེ་ལ་དབང་བའི་ཚོང་ཁང་མང་བོ་ཞིག་གཏོར་བཅོམ་བྱས་སོང༌། རྒྱ་མི་ཚང་མ་བྲོས་ཕྱིན་སོང་ལ་རྒྱ་ཁ་ཆེ་དེ་ཚོ་ཡང༌། ཞྭ་མོ་དཀར་པོ་དེ་མར་ཕུད་ནས་བྲོས་ཕྱིན་སོང༌། ཡ་མཚན་པ་ཞིག་ལ་དེར་ཉེན་རྟོག་པ་གཅིག་ཀྱང་མི་འདུག་ལ་ཚང་མ་བྲོས་ཕྱིན་སོང༌།
ངས་ཁོང་ལ། བར་སྐོར་གྱི་གཡས་གཡོན་ལ་པར་ལེན་འཕྲུལ་ཆས་དེ་འདྲ་བཙུགས་ཡོད་པ་ཁོང་ཚོས་ཤེས་ཀྱི་ཡོད་མ་རེད་དམ། ཞེས་དྲིས། ཁོང་ཚོས་ཤེས་ཀྱི་ཡོད་རེད། མི་མང་བོ་ཞིག་གིས་དེར་པར་ལེན་འཕྲུལ་ཆས་བཙུགས་ཡོད་པ་ཤེས་ཀྱི་རེད།    ཡིན་ན་ཡང༌། ཁོང་ཚོ་ཞེད་ཀྱི་ཡོད་མ་རེད། JWཡིས་ཡུན་ཙམ་རིང་བཤད་མཚམས་བཅད་ནས་ཅུང་འཚབ་འཚུབ་དང་བཅས་མཐར་ཁོང་གིས་བཤད་དོན།
    ཁོང་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་བྱས་པ་ཞིག་རེད། ཁོང་ཚོ་ནི་དོན་དམ་པའི་སྙིང་སྟོབས་ཅན་རེད། དེ་ནི་JW  ཡིས་གང་བཤད་པ་དེ་རེད། ང་ལ་ཁོང་གི་སྐད་ཆ་དེས་ཚོར་བ་གཏིང་ཟབ་པོ་ཞིག་སྤྲད་བྱུང༌།
    ང་རྟག་པར་མི་ཚོའི་རྗེས་སུ་འགྲོ་གིན་བསྡད་པ་ཡིན།  ཁྲོམ་གཟིགས་ཁང་ནས་བར་སྐོར་གྱི་ནང་དུ་མི་ཚོགས་ཇེ་མང་ནས་ཇེ་མང་དུ་ལུག་ཡོང་གི་འདུག་ལ་དེར་མི་བརྒྱ་ཙམ་ཞིག་འདུག  དེ་ཚོ་ནི་ཨ་མདོ་དང་ཁམས་དང་ལྷ་ས་ནས་རེད་འདུག་ཅིང༌།  དེར་གྲྭ་བ་ཡང་ཁ་ཤས་ཤིག་འདུག  མང་ཚོགས་ཀྱིས་བར་སྐོར་ལ་ཐེངས་གཉིས་ཙམ་སྐོར་བ་རྒྱབ་སོང་ལ། སྐོར་བ་རྒྱབ་བཞིན་པའི་སྐབས་དེར་ཁོང་ཚོས། ༸
༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག    བོད་རང་བཙན་ཡིན། ཞེས་སྐད་འབོད་བརྒྱབས་བཞིན་འདུག
ཁོང་ཚོས་སྐོར་བ་རྒྱབ་བཞིན་པའི་སྐབས།  ཁོང་ཚོས་རྒྱ་མི་དང་རྒྱ་ཁ་ཆེ་ལ་དབང་བའི་ཚོང་ཁང་དེ་ཚོ་ཡང་གཏོར་བཅོམ་བྱས་སོང༌།   གོས་ཆེན་དང་ཁ་བཏགས་ཟུབ་ཤེ་རྣམས་ཕྱི་རོལ་ཏུ་གཡུག་པ་དང་དེ་ཚོ་ས་ཆ་གང་སར་གྲམ་ནས་ལྷག་འདུག    མི་ཁ་ཤས་ཤིག་གིས་ཇོ་ཁང་གི་གསེག་ཕྱོགས་ལ་ཡོད་པའི་བར་སྐོར་ཉེན་རྟོག་ཁང་མེར་སྲེག་བཏང་སོང་ཡང༌། མེ་ཡག་པོ་ཞིག་འབར་ཐུབ་མ་སོང༌། ངས་པེ་ཅིང་ལ་ཡོད་པའི་གྲོགས་པོ་ལ་ཁ་པར་ཞིག་བཏང་བ་ཡིན་ལ་ཁོང་གིས་གནས་ཚུལ་དེ་ཐོས་རྗེས་ཞེ་དྲག་དགའ་བོ་བྱུང་འདུག     གང་ཡིན་ཟེར་ན།  ༡༩༨༨  ལོའི་ཟླ་བ་གསུམ་པའི་ནང་ད་ལྟའི་གནས་ཚུལ་དང་གཅིག་མཚུངས་ཤིག་བྱུང་བ་རེད།   སྐབས་དེ་དུས་གྲོགས་པོ་ཁོང་ཕོ་གཞོན་རེད་ལ་ཁོས་ཚོང་ཁང་ཞིག་གི་སྒོ་མེར་སྲེག་བཏང་བས་ཁོང་ལོ་བཞིའི་རིང་བཙོན་འཇུག་བྱས་ཡོད་པ་རེད།
ཆུ་ཚོད་གསུམ་པའི་སྔོན་ཙམ་ཞིག་ལ་ཡང་ན་རྗེས་ཙམ་ཞིག་ལ།  གོས་ནག་པོ་གྱོན་པའི་མི་ཁ་ཤས་ཤིག་བསླེབས་སོང་ལ་ཁོང་ཚོས་གདོང་རས་ཀྱིས་བཏུམ་འདུག་པས་མིག་གཉིས་མ་གཏོགས་མཐོང་གི་མི་འདུག    ཁོང་ཚོས་མེ་མདའ་ཐོགས་བཞིན་མང་ཚོགས་ལ་མེ་མདའ་བརྒྱབས་སོང༌།
    མི་དེ་ཚོ་སུ་རེད། ཅེས་ངས་ཧ་སང་བའི་སྒོ་ནས་དྲིས། དམིགས་བསལ་ཉེན་རྟོག་པ། འཕུར་ལྡིང་རྩེན་པའི་སྟག               འཕུར་ལྡིང་རྩེན་པའི་སྟག་ཨེ།  ངས་དེ་ཚོ་སུ་ཡིན་མིན་ཤེས་མ་སོང་ལ་དེ་ཚོ་ཕལ་ཆེར་གློག་བརྙན་དང་གཟུགས་མཐོང་གློག་འཕྲིན་གྱི་ལས་རིམ་དང་འབྲེལ་བ་ཡོད་རྒྱུ་རེད། ཡིན་ན་ཡང༌། ངས་དམིགས་བསལ་ཉེན་རྟོག་པ་སུ་ཡིན་མིན་ཤེས་ཀྱི་ཡོད་པས་ངས་ཡང་བསྐྱར་བཤད་མཚམས་བཅད་མེད།  ལུས་པོ་ཡོངས་རྫོགས་ལ་གོས་ནག་པོ་གྱོན་པའི་མི་སུམ་ཅུ་བཞི་བཅུ་ཙམ་ཞིག་བསླེབས་སོང༌། ཁོང་ཚོས་མིག་མ་གཏོགས་བསྟན་གི་མི་འདུག་ལ་མེ་མདའ་མཐོ་བོར་བཏེགས་ནས་བསྡད་འདུག    སྐབས་དེ་དུས་ང་བར་སྐོར་སྲང་ལམ་གྱི་བྱང་ཕྱོགས་སུ་ཡོད་ལ་ངས་ཁོང་ཚོ་གཙུག་ལག་ཁང་གི་ཕྱོགས་སུ་རྒྱུགས་འགྲོ་བ་དང༌། ཁོང་ཚོས་མང་ཚོགས་ལ་མིག་སྒྲིབ་ཀྱི་དུ་རྫས་གཏོར་བ་མཐོང་སོང༌། མདུན་དུ་ཡོད་པའི་མི་རྣམས་བཀག་ཅིང་འཛིན་བཟུང་བྱས་སོང༌། ང་དང་ངའི་ལྷན་དུ་ཡོད་པའི་མི་རྣམས་འཇིགས་སྣང་དང་བཅས་བར་སྐོར་སྲང་ལམ་དུ་ཕྱིར་སོང་བ་ཡིན། ཡིན་ན་ཡང༌།  བྱང་ཕྱོགས་ཀྱི་བར་སྐོར་སྲང་ལམ་དུ་འཛུལ་ས་དང་བར་ཐག་མི་རིང་ས་ཞིག་ན། དེ་ག་རང་དུ་བུ་མོ་ལོ་གཞོན་ཞིག་གིས་རྡོ་ཞིག་བླངས་ནས་གཞུ་གྲབས་བྱེད་སྐབས་དམིགས་བསལ་ཉེན་རྟོག་པས་མོ་རང་ལ་མེ་མདའ་འཕངས་ཤིང༌། མདེལ་མགོ་ཡིས་མོའི་མགྲིན་པ་ལ་བསྣུན་སོང༌། མོ་རང་དེ་མ་ཉིད་དུ་ས་ལ་བསྒྱེལ་ཅིང་སྐབས་དེ་དུས་ང་མོ་ང་དང་མི་ཏྲར་བཅུ་ཙམ་ཞིག་གི་ཕ་རོལ་ན་ཡོད་ཅིང་ངས་གནས་ཚུལ་དེ་གསལ་བོ་ཞེ་དྲག་མཐོང་སོང༌། མི་མང་བོ་ཞིག་གིས་ཀྱང་མཐོང་སོང༌།
དེ་ནི་དངོས་གནས་ཡ་ང་པོ་ཞིག་རེད། མོ་རང་ལོ་བཅུ་བདུན་བཅོ་བརྒྱད་ཙམ་ཞིག་རེད་འདུག་དྲན་གྱི་འདུག    ངས་JWའདར་བཞིན་པ་ཤེས་སོང་ལ་ཁོང་ད་དུང་ཡང་འཇིགས་སྣང་ཡོད་པ་ལྟར་མངོན་བྱུང༌། འདིས་ང་ལ་སེམས་འཚབ་དང་ན་ཟུག་ཀྱི་ཚོར་སྣང་ང་རང་དེར་ཡོད་པ་ལྟར་སྤྲད་བྱུང༌།
    ཏོག་ཙམ་གྱི་རྗེས་ JWཡིས་མུ་མཐུད་དེ་གསུང་དོན་ལ། བུ་མོ་དེ་ས་ལ་འགྱེལ་བ་དང་ཤེད་ཀྱིས་འཐེན་ཞིང་ཁྲག་འཛག་བཞིན་འདུག   དམིགས་བསལ་ཉེན་རྟོག་པའི་རླངས་འཁོར་དེར་བཏང་བསླེབས་སོང་ལ་རླངས་འཁོར་དེ་ནི་ཏྲོ་ཡི་ཏྲ་༤༥༠༠ TOYATO ༤༥༠༠ འདྲ་བའི་མདོག་ནག་པོ་ཞིག་རེད་འདུག རླངས་འཁོར་དེ་བུ་མོ་དེའི་མདུན་དུ་བཀག་ཅིང་དམིགས་བསལ་ཉེན་རྟོག་པ་གཉིས་མཆོང་སྟེ་བུ་མོ་དེའི་ཕུང་བོ་རླངས་འཁོར་ནང་བླུག་སོང༌།  རླངས་འཁོར་དེ་ཡར་ཏོག་ཙམ་བཏང་ནས་ཡང་མར་ཕྱི་ནུར་རྒྱབ་སོང༌། ཡ་མཚན་པ་ཞིག་ལ་རླངས་འཁོར་དེ་ཡར་མར་བཏང་ཚར་བའི་རྗེས་ལ་ས་གཞི་དེར་ཁྲག་མཐོང་རྒྱུ་མེད་པ་ཆག་འདུག    ས་ཆ་དེར་ཁྲག་འགོས་བ་ཡང་མེད་པར་གྱུར་འདུག

    ངས་འདིའི་སྐོར་སྔོན་མ་གོ་མྱོང་མེད། འདི་ཕལ་ཆེར་ཉེན་རྟོག་པའི་རླངས་འཁོར་ཞིག་ཡིན་པ་ལས་སྲང་ལམ་གཙང་བཟོའི་རླངས་འཁོར་ཞིག་མ་རེད།    ཡིན་ན་ཡང༌། JWའདིའི་ཐོག་ནན་ཏན་གྱིས་བཤད་དོན་ལ། རེད། དེ་སྲང་ལམ་གཙང་བཟོའི་རླངས་འཁོར་ཞིག་མ་རེད། ཡིན་ན་ཡང༌། དེ་ནི་ས་གཞིར་ཁྲག་འགོས་བ་རྣམས་གཙང་མ་གཙང་རྐྱང་བཟོ་བའི་སྲང་ལམ་གཙང་བཟོའི་རླངས་འཁོར་དང་འདྲ་བོ་འདུག    དེ་ཉེན་རྟོག་པའི་རླངས་འཁོར་དཔེ་གསར་ཞིག་རེད་དམ། དེ་ལ་དམར་གསོད་ཀྱི་ལྟད་མོ་ཡང་གཙང་མ་བཟོ་བའི་འཕྲུལ་ཆས་ཡོད་རེད་དམ། རྗེས་སུ་ངས་དམིགས་བསལ་ཉེན་རྟོག་པའི་རླངས་འཁོར་དེའི་སྐོར་དྲ་རྒྱའི་ཐོག་བཙལ་བ་ཡིན་པས་ཉེན་རྟོག་པའི་རླངས་འཁོར་དེས་ཆུ་གཏོར་གྱི་ཡོད་པ་ཤེས་སོང༌།   དམིགས་བསལ་ཉེན་རྟོག་པའི་རླངས་འཁོར་དེས་ཆུ་ཡར་མར་གྱི་ཕྱོགས་སུ་གཏོར་ཐུབ་ཀྱི་ཡོད་པ་དང་གཡས་གཡོན་ལའང་གཏོར་ཐུབ་ཀྱི་ཡོད་པ་རེད། དེར་གཟུགས་མཐོང་པར་ཆས་ཀྱང་ལྷན་དུ་སྦྱར་ཡོད་པ་དང་དེས་                སྒྲིཀ་རི་         རྟྟཐྲཔྱྟྟཔྲ ༣༦༠ ཙམ་ཞིག་འཐེན་ཐུབ་ཀྱི་ཡོད་པ་དང་ད་དུང་དེ་ལ་མིག་སྒྲིབ་དུ་རྫས་གཏོར་བའི་འཕྲུལ་ཆས་ཀྱང་ལྷན་དུ་སྦྱར་ཡོད་པ་རེད།
    ངས་ད་དུང་ཡང་ཉེན་རྟོག་པའི་རླངས་འཁོར་རྣམས་ལ་ཁྲག་སོགས་གཙང་མ་བཟོ་བའི་འཕྲུལ་ཆས་ལྷན་དུ་སྦྱར་ཡོད་མེད་ཤེས་མ་སོང༌། དེ་ཚོ་ཉེན་རྟོག་པའི་རླངས་འཁོར་གྱི་རིགས་ཤིག་རེད་དམ།   
JWཡིས་བཤད་དོན་ལ། བུ་མོ་དེ་མ་གཏོགས་ངས་མི་ཤི་བ་མཐོང་མ་སོང༌།     ཡིན་ན་ཡང༌། བར་སྐོར་ནང་ཟ་ཁང་བཟུང་བའི་ངའི་གྲོགས་པོ་དེས་ཁང་ཐོག་ནས་དམིགས་བསལ་ཉེན་རྟོག་པས་བར་སྐོར་ནང་དུ་མེ་མདའ་བརྒྱབས་ནས་མི་མང་བོ་བསད་པ་མཐོང་འདུག    ཡ་མཚན་པ་ཞིག་ལ་དམིགས་བསལ་ཉེན་རྟོག་པ་དེ་དག་བར་སྐོར་གཅིག་པུའི་ནང་མ་གཏོགས་ས་ཆ་གཞན་དུ་མཐོང་རྒྱུ་མི་འདུག    སྐབས་དེ་དུས་ང་ཚོས་བུ་མོ་དེའི་རོ་ཉེན་རྟོག་པའི་རླངས་འཁོར་ནང་འཁྱེར་འགྲོ་བ་མཐོང་སོང་ལ་ང་མི་མང་བོ་དང་མཉམ་བྲོས་མགོ་བཙུགས་པ་ཡིན། ང་མ་སྐྱེས་ཨ་མའི་ཟ་ཁང་གི་ལམ་དུ་རྒྱུགས་ཕྱིན་པ་ཡིན་ལ་ཟུར་སྣེ་དེ་ནས་ཚུར་བཀྱོག་སྟེ་ལམ་ཆུང་དེ་བརྒལ་ནས་བྲོས་ཕྱིན་པ་ཡིན། ཕྱོགས་གཉིས་ལ་ཡོད་པའི་ཚོང་ཁང་མང་ཆེ་བ་བཏོར་ཚར་འདུག་ལ། ལམ་ཁ་དེར་ཅ་དངོས་འདྲ་མིན་གང་སར་བཏོར་བཞག་འདུག    ཁྱེད་ཀྱིས་མཁྱེན་གསལ་ལྟར་ས་ཆ་དེ་ཕལ་ཆེ་བ་རྒྱ་ཁ་ཆེ་ལ་དབང་བ་ཡིན་པ་དང་ལམ་མགོ་དེར་ཁ་ཆེའི་ལྷ་ཁང་ཞིག་ཀྱང་ཡོད་པ་རེད།  ངས་བོད་མི་ཁ་ཤས་ཤིག་གིས་རླངས་འཁོར་མེར་སྲེག་བཏང་བཞིན་པ་མཐོང་བྱུང་ལ།   རླངས་འཁོར་གསུམ་དང་སྦག་སྦག་གཅིག་ཁ་ཆེའི་ལྷ་ཁང་གི་མདུན་དེར་མེར་སྲེག་བཞིན་འདུག    ང་དེར་བསྡད་མ་ནུས་པར་མི་ཚོགས་གསེབ་ཏུ་ཕྱིན་ཅིང་དེའི་རྒྱུད་ནས་དམིགས་བསལ་རྒྱལ་སྒོ་མཐོ་བོ་དེར་ཕྱིན་པ་ཡིན།
ཅརྐྱང མི་མང་སྲུང་སྐྱོབ་ལྷན་ཁང་ནི་སྲང་ལམ་དེའི་འཕྲེད་ལ་ཆག་ཡོད་རེད།  ཡ་མཚན་པ་ཞིག་ལ ཅརྐྱང་མི་མང་སྲུང་སྐྱོབ་ལྷན་ཁང་གྱི་མདུན་དེར་ཉེན་རྟོག་པ་བཅུ་ཙམ་ཞིག་འདུག་ཀྱང༌། ཁོང་ཚོ་གཅིག་པུར་ལངས་ནས་བལྟས་བསྡད་འདུག    ཡིན་ན་ཡང༌། སྲང་ལམ་གཅིག་པུ་དེ་ཡི་ཕ་རོལ་ན། བོད་མི་ཚོས་གཏོར་བཅོམ་དང་ཅ་དངོས་མེར་སྲེག་བཏང་ཡོད་འདུག    ངས་རྒྱ་ཁ་ཆེ་ལ་དབང་བའི་བཤའ་ཁང་གཉིས་དང་རླངས་འཁོར་བདུན་ཙམ་ཞིག་བཏོར་འདུག་པ་དྲན་གྱི་འདུག        ཡིན་ན་ཡང་ཉེན་རྟོག་པས་དེར་གང་ཡང་བྱས་མ་སོང༌། དེ་ནི་ཁོང་ཚོ་དང་གང་ཡང་འབྲེལ་བ་མེད་པ་ལྟར་བྱས་ཀྱི་འདུག  སྲང་ལམ་གྱི་སྣེ་དེ་ལ་ལྟད་མོ་ལྟ་མཁན་ཡང་མང་བོ་ཞིག་འདུག        ཁོང་ཚོས་ལྟད་མོ་བལྟས་གིན་ཕན་ཚུན་བགྲོ་གླེང་བྱས་བཞིན་འདུག
    ཁོང་ཚོས་གང་ཡང་བྱེད་ཀྱི་མི་འདུག་གམ། རྒྱུ་མཚན་ཅི་ཡིན་ནམ། ཞེས་ངས་དེ་ལྟར་དྲིས། སུས་ཤེས། རེད། ངས་ཉེན་རྟོག་པ་ཁ་ཤས་ཤིག་གིས་པར་བརྒྱབས་བཞིན་པ་མཐོང་བྱུང༌། ཨོ།    ཉེན་རྟོག་པ་ཁ་ཤས་ཀྱིས་བརྙན་པར་བརྒྱབས་བཞིན་འདུག
JW ཡིས་དྲན་གསོ་ཞིག་བཏང་ནས་ངས་དྲན་པ་སོས་པ་ཞིག་ལ། དེར་དངོས་གནས་ཡ་མཚན་པོ་ཞེ་དྲག་འདུག    ཕྱོགས་གཉིས་དེར་སྲང་ལམ་གཅིག་མ་གཏོགས་ཡོད་མ་རེད༌། ཡིན་ཡང་དེ་ནི་འཛམ་གླིང་གཉིས་ལྟ་བུ་གཉིས་ལྟ་བུ་ཞིག་རེད་འདུག    ངས་བར་སྐོར་ནང་དུ་ཡོད་པའི་དམིགས་བསལ་ཉེན་རྟོག་པ་རྣམས་ཀྱིས་མང་ཚོགས་ལ་མེ་མདའ་བརྒྱབས་ནས་བསད་པ་དང༌།   བར་སྐོར་ཕྱི་ལ་ཡོད་ལ་ཡོད་པའི་ཉེན་རྟོག་པས་མི་མང་རྣམས་ནམ་ཡང་མ་བཀག་པའི་རྒྱུ་མཚན་ཅི་ཡིན་ད་དུང་ཡང་ཤེས་མ་སོང༌།    རྒྱུན་རིང་མ་འགོར་བར་ཇེན་སུ་ལམ་ཁ་ནས་ཐང་གྷ་སྒྲི་གསུམ་བཏང་ནས་བསླེབས་བྱུང་བ་དང་དེ་དག་གླིང་སྐོར་གྱི་ཤར་ལམ་དུ་བཀག་སོང༌།  ཐང་གྷ་སྒྲི་ནང་ཡོད་པའི་དམག་མི་ཚང་མས་ལག་ཏུ་མེ་མདའ་བཟུང་འདུག   
ཐང་གྷ་སྒྲི་ ངས་ཅུང་ཡིད་མ་ཆེས་པའི་ཚུལ་གྱིས་དྲིས། དེ་ཚོ་ཐང་གྷ་སྒྲིཅཎརྣྡརེད་འདུག་གམ་ཡང་ན་ཁྲབ་ལྡན་འཕྲུལ་འཁོར་ཎཔྱནྣསྤྱཔྱྟརྟ ཏྲཎཔྱ    རེད་འདུག    གཞུང་གི་ལས་བྱེད་པ་ཚོས་ཐང་གྷ་སྒྲི་ལྷ་སའི་ནང་ཡོང་གི་མ་རེད་ཅེས་འགྲེལ་བརྗོད་བྱས་སོང༌། ཡིན་དང་ཡིན། དེ་ཚོ་ཐང་གྷ་སྒྲི་རེད་འདུག JW ཡིས་ཚིག་ཐག་ཆོད་པོས་བཤད་དོན་ལ། ཁྱེད་ཀྱིས་བསམ་པར་ངས་ཁྲབ་ལྡན་འཕྲུལ་འཁོར་དང་ཐང་གྷ་སྒྲི་ཁྱད་པར་ཤེས་ཀྱི་ཡོད་མ་རེད་དྲན་སོང་ངམ། ཞེས་སྨྲས།           ཐང་གྷ་སྒྲི་དེ་བཏང་བའི་སྐབས་ལ་ས་ཆ་ཡོངས་རྫོགས་བསྒུལ་ཡོང་གི་འདུག    ཐང་གྷ་སྒྲི་སླེབས་པ་མཐོང་མ་ཐག་ལྟད་མོ་བ་ཡོངས་རྫོགས་མཐོང་ས་མེད་པར་ཆག་སོང་ལ་ང་ཡང་བྲོས་ཕྱིན་པ་ཡིན།    ཡིན་ན་ཡང་ང་ཉེ་འཁྲིས་ཀྱི་ཁང་བའི་ནང་ཕྱིར་འགྲོ་མ་ཕོད་པར་ཁང་བ་གླས་པ་ཡིན། དེས་ན། ང་གཡོན་ཕྱོགས་དེར་ཐད་ཀར་བསྐྱོད་པ་ཡིན་ལ་ངའི་གྲོགས་པོ་དེར་བསྡད་ཀྱི་ཡོད་རེད།    ཐང་གྷ་སྒྲི་དེ་ཚོས་ག་རེ་བྱེད་ཀྱི་འདུག    ངས་ཡང་བསྐྱར་ཁོང་གིས་བཤད་མཚམས་བཅད་ནས་དྲིས།    ངའི་བསམ་བློའི་ནང་༡༩༨༩་ ལོའི་ཟླ་བ་༦ཚེས་༤ཉིན་ཐང་གྷ་སྒྲི་ཡིས་པེ་ཅིང་སྲང་ལམ་དུ་མི་སེར་དང་སློབ་ཕྲུག་མང་བོ་ཞིག་གནན་པ་དེ་གསལ་བོར་ཤར་བྱུང༌།

    ཐང་གྷ་སྒྲི་དེ་ཚོས་གང་བྱས་ཡོད་པ་ངས་ཤེས་མ་སོང་གང་ཡིན་ཟེར་ན། ང་བྲོས་ཕྱིན་པ་ཡིན། ཞེས་JWཡིས་མུ་མཐུད་ནས་བཤད་དོན་ལ། ང་གྲོགས་པོའི་ནང་ལ་བྲོས་ཕྱིན་པ་ཡིན། ཁོང་ཡང་ནང་ལ་ཕྱིར་སླེབས་ཚར་མ་ཐག་རེད་འདུག་ལ་ངེད་གཉིས་ཀ་དངངས་སྐྲག་ཆེན་པོ་བྱུང༌། དེས་ན་ངེད་གཉིས་ཀྱིས་དངངས་འཚབ་ཞི་བའི་ཆེད་དུ་ཆང་ཕོར་བ་ཁ་ཤས་བཏུངས་བ་ཡིན། ངས་ཨ་རག་དཀར་པོ་དེ་ནམ་ཡང་འཐུང་གི་མེད་ལ་གལ་ཏེ་གང་ཞིག་འཐུང་འདོད་ཚེ་ངས་ཆང་མ་གཏོགས་འཐུང་གི་མེད། ཡིན་ན་ཡང་ངའི་གྲོགས་པོས་ཧུ་ཛུ་རྒྱལ་ཁབ་ནས་ཐོན་པའི་ནས་ཆང་རྐྱང་རྐྱང་འཐུང་གི་རེད། ཏོག་ཙམ་གྱི་རྗེས་ལ་ཡང་གྲོགས་པོ་གཉིས་ངའི་གྲོགས་པོའི་ནང་ལ་འཛུལ་སླེབས་སོང་ལ། དེས་ན་ང་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་བཏུང་མགོ་བཙུགས་ནས་དགོང་དྲོ་ཆུ་ཚོད་༡༡ ཙམ་ཞིག་གི་བར་བཏུངས་བསྡད་པ་ཡིན་པས་ང་ཚོ་ཚང་མ་བཟི་སོང༌། ཡིན་ན་ཡང་ང་ཚོ་ཞེ་དྲག་བཟི་མེད་ཀྱང་ང་ཚོ་ཚང་མ་ལ་ག་རེ་བྱུང་ན་ཡང་བྱུང་སྙམ་པའི་གློ་ཁོག་ཅིག་སླེབས་བས་ང་ཚོ་རང་རང་སོ་སོའི་ནང་དུ་ཕྱིར་ལོག་སྙིང་འདོད་སོང༌།    ང་ཚོ་གསུམ་ཇེན་སུ་ཤར་ལམ་གྱི་འཕྲེད་ལམ་དེར་སླེབས་པ་དང་ང་ཚོ་མགོ་རྨོངས་ཤིང་ར་ཡང་དངས་བའི་བཟོ་འདྲ་ཞིག་ཆགས་སོང༌། གང་ཡིན་ཟེར་ན་ལག་ཏུ་མེ་མདའ་བཟུང་བའི་དམག་མི་བཞི་བཅུ་ལྔ་བཅུ་ཙམ་ཞིག་དེར་ལང་ནས་བསྡད་འདུག་ལ། དེ་ཚོས་ད་དུང་འགྱིག་གི་དབྱུག་པ་ཡང་འཁྱེར་འདུག་ཅིང་དེ་ཚོ་སྐོར་སྲུང་བའམ་དེ་དང་འདྲ་བ་ཞིག་ཡིན་ས་རེད། ང་ཚོ་དེ་གར་སྒུག་དགོས་པ་དང་ངོ་སྤྲོད་ལག་འཁྱེར་སྟོན་དགོས་པའི་བཀའ་བཏང་སོང་བས་ང་ཚོས་ལམ་སེང་ང་ཚོའི་སྟོད་ཐུང་ནང་ཡོད་པའི་ལག་འཁྱེར་བསྟན་པ་ཡིན།  དེ་ནས་དམག་མི་ཚོས། རྡུང༌།  ཞེས་བརྗོད་བྱུང༌། ངའི་གྲོགས་པོ་ཞིག་གིས་སྐད་ཤུགས་ཆེན་པོས་ང་ཚོ་ལ་ལག་འཁྱེར་ནི་ཡོད༌། ང་ཚོ་ལ་ཚོགས་གཏམ་གཏོང་བའི་རྒྱུ་མཚན་ཅི་ཡིན། ཞེས་བརྗོད་སོང་བས་ལམ་སེང་ང་ཚོ་ཚར་ཚར་འདུག    དམག་མི་དེ་ཚོ་ང་ཚོའི་སྟེང་ཤུགས་ཀྱིས་མཆོང་ནས་ཉེས་རྡུང་གཏོང་མགོ་བཙུགས་སོང༌། ཁོང་ཚོ་མི་གཉིས་ཀྱིས་ང་ཚོའི་ལག་པ་ལ་འཇུས་ཤིང་གཉིས་ཀྱིས་ང་ཚོའི་གདོང་ལ་གང་བྱུང་གིས་གཞུས་ཡོང་གི་འདུག    ངའི་མིག་གཉིས་ལ་ཚབས་ཆེན་ཞིག་གཞུས་པས་དེ་མ་ཐག་སྐྲང་སོང་ལ།  སྐབས་དེ་དུས་ངས་བསམ་པར་ངའི་མིག་གཉིས་དེ་ལོང་བ་ཆག་སོང་དྲན་བྱུང༌།  ང་ཚོ་ས་ལ་མ་འགྱེལ་བར་རྐང་བས་རྡུང་ལྕག་གཞུས་ཤིང་ཚོགས་གཏམ་བཏང་སོང༌། ་   ལེ་ཚན་འདི་བཏོན་པ་ཡིན།
    ང་ཚོ་ཉེན་རྟོག་ཁང་ལ་འཕྲིད་སོང་ལ་ཉེན་རྟོག་པ་གཉིས་ཀྱིས་ང་ཚོར་པར་རྒྱབ་པ་དང་ང་ཚོའི་ལག་འཁྱེར་གྱི་ཨང་གྲངས་བཤུས་སོང༌།  ང་ཚོ་ལ་བརྟག་དཔྱད་བྱས་ཚར་བའི་རྗེས་ལ་ཉེན་རྟོག་པ་བོད་པ་ཞིག་སླེབས་ནས་མང་པོ་ཞེ་དྲག་མ་བཤད་ཅེས་ངན་མདོག་གིས་བརྗོད་བྱུང༌།   དེ་ལྟར་བྱེད་པ་ནི་རྒྱ་མི་ཉེན་རྟོག་པ་དེ་དག་གིས་ང་ཚོ་ལ་ཚོགས་གཏམ་གཏོང་གི་འདུག་དྲན་གི་ཡོད་པས་རེད། ངས་དུས་ཚོད་འདི་འདྲའི་ནང་བོད་པ་ལ་ཡག་པོ་བྱེད་མཁན་གྱི་ཉེན་རྟོག་པ་ཞིག་ཡོད་ས་རེད་སྙམ་པའི་རེ་བ་ཁྱོན་ནས་བྱས་མེད། ཕལ་ཆེར་ར་བཟི་གསུམ་གྱི་ས་ནས་གང་ཡང་ཐོབ་རྒྱུ་མེད་པས་ཡིན་སྲིད་པ་ཞིག་རེད། མཐའ་མཇུག་དེར་ང་ཚོ་གློད་སོང༌།
    ལམ་འགྲོ་རྒྱུགས་པ་ཞིག་ལ་ངས་གླས་པའི་ཁང་བ་དེ་ཉེན་རྟོག་ཁང་དེ་དང་ཐག་རིང་བོ་ཞེ་དྲག་མི་འདུག   
གང་ཡིན་ཟེར་ན། ང་ཚོས་ལམ་ཁར་མེ་མདའི་སྐད་ཡང་ཡང་གོ་གི་འདུག    ངས་ཤེས་མ་སོང༌། ངས་ངོ་མ་ཤེས་མ་སོང༌། བུ་མོ་དེ་འདྲ་བོ་ག་ཚོད་ཅིག་བསད་ཡོད་རྒྱུ་རེད།
ངའི་གྲོགས་པོ་གཉིས་དེ་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་གི་ས་ཆ་དེར་བསྡད་ཀྱི་ཡོད་ཀྱང་ཁོང་གཉིས་ཐག་རིང་བོར་འགྲོ་མ་ཕོད་པར་ངའི་ནང་ལ་བསྡད་སོང༌། ཡིན་ན་ཡང༌། ང་ཚོས་འདིར་ཉིན་བཞི་ཙམ་ཞིག་བསྡད་དགོས་བྱུང་གི་རེད་བསམ་པའི་ཡུལ་ལ་མ་བྱུང༌།    ཚེས་བཅོ་ལྔའི་སྔ་དྲོ་དེར་ང་ཁ་ལག་དང་བཏུང་རྒྱུ་དེ་བཞིན་ཐ་མག་ཁ་ཤས་ཉོ་འདོད་བྱུང༌། ཡིན་ན་ཡང༌། འགྱོད་དགོས་པ་ཞིག་ལ་ང་ཁང་བའི་སྒོའི་ཕྱི་ལ་དོན་མ་ཐག་སྲང་ལམ་ཡོངས་ལ་དམག་མིས་གང་བསྡད་འདུག  ཁ་ཤས་ཀྱིས་མེ་མདའ་བཟུང་ཞིང་ཁ་ཤས་ཀྱིས་གུག་སྟ་ཤུབས་མེད་པར་འཁྱེར་ནས་འགྲོ་བཞིན་འདུག    ང་ཕྱིར་ལོག་གྲབས་བྱེད་སྐབས། མི་ཏྲར་བཅུ་ཙམ་གྱི་ཕ་རོལ་ན་ཕྲུ་གུ་ལོ་ཕལ་ཆེར་བདུན་བརྒྱད་ཙམ་ཞིག་ཡིན་པ་དེས་དམག་མི་དེ་ཚོ་ལ་རྡོ་འཕངས་སོང་བས་དེ་མ་ཐག་དམག་མི་དེ་ཚོས་མིག་སྒྲིབ་དུ་རྫས་གཏོར་མགོ་བཙུགས་སོང༌། མི་མང་རྣམས་གང་སར་བྲོས་བཞིན་འདུག    ང་དེ་ནས་ཕྱི་རོལ་ན་འགྲོ་ནུས་མ་སོང༌། ལམ་འགྲོ་རྒྱུགས་པ་ཞིག་ལ་ངས་གླས་པའི་ཁང་བ་དེ་ནི་མཉམ་འབྲེལ་ཞིག་གིས་ཤིང་དང་ཅ་་དངོས་གསོག་འཇོག་བྱེད་ས་རེད་འདུག་པས་དམག་མི་སུ་གཅིག་ཁང་བའི་ནང་ཞིབ་གཤེར་བྱེད་པར་སླེབས་མ་སོང༌། ཡིན་ན་ཡང་ཁང་བའི་ཐོག་ལ་དམག་མི་འདུག་ཅིང༌།  ཁང་བའི་སྒོ་རའི་ནང་དུའང་དམག་མི་མང་བོ་འདུག   དེའི་སྒང་ལ་དམག་མིའི་དོ་བསྐྱལ་འཕྲུལ་འཁོར་དང་རླངས་འཁོར་མང་བོ་བཞག་འདུག
ཉིན་བཞི་པོ་དེའི་རིང་ལ་ང་ཚོས་སྒོ་ཡོལ་རྒྱབ་ཅིང་ཁང་བའི་ནང་བསྡད་ནས་གློག་བརྙན་བལྟས་པ་དང་ཡང་གཉིད་ཁུག་ནས་བསྡད་པ་ཡིན། དང་ཐོག་དེར་ང་ཚོ་ཕན་ཚུན་གླེང་མོལ་བྱེད་གིན་བསྡད་པ་ཡིན།  ཡིན་ཡང་ཏོག་ཙམ་རྗེས་ལ་ང་ཚོ་སྐད་ཆ་མང་བོ་མི་བཤད་པར་སོ་སོས་སེམས་པའི་ནང་ལྗིད་ཁོག་ཚ་བོ་རེ་བཟུང་ནས་བསྡད་པ་ཡིན། ཉིན་མོའི་སྐབས་ང་ཚོས་སྒེའུ་ཁུང་ནས་མ་ལྟ་རང་ལྟ་ཆག་གི་འདུག    ང་ཚོས་ག་ཚོད་བལྟས་ཀྱང་ང་ཚོས་མཐོང་བ་ནི་དམག་མི་དེ་ཚོ་ཁོ་ན་རེད། མཚན་མོའི་སྐབས་ང་ཚོས་གློག་ཀྱང་སྤར་ཕོད་ཀྱི་མི་འདུག་ལ་གློག་བརྙན་ཡང་བལྟ་ཕོད་ཀྱི་མི་འདུག        ནག་ཁུང་ནང་བསྡད་བཞིན་སྐད་ཀྱང་རྒྱབ་ཕོད་ཀྱི་མི་འདུག་ལ་གྲོད་ཁོག་ཀྱང་ཞེ་དྲག་ལྟོག་གི་འདུག   
བྱས་ན་ཁྱེད་ཚོས་ག་རེ་ཟས་པ་ཡིན། ངས་དྲིས་བ་དེ་ཤོར་སོང༌།
ཨ་ཨ་་་་་་ང་ཚོ་ལ་ལམ་འགྲོ་རྒྱུགས་པ་ཞིག་ལ་ངས་སྔོན་ནས་འོ་མ་ཤོག་སྒམ་གང་ཉོས་ནས་བཞག་ཡོད་ལ།ད་དུང་ད་ལོའི་ལོ་གསར་བཏང་ནས་ཚུར་སླེབས་སྐབས་འཁྱེར་བའི་བག་ལེབ་རྣམས་ང་སར་འདུག    སྐབས་དེ་དུས། ངས་བག་ལེབ་དེ་ཚོ་ཟ་སྙིང་འདོད་མ་བྱུང༌། གང་ཡིན་ཟེར་ན་ལྷ་སའི་ནང་ཟ་ཁང་མང་བོ་ཡོད་པས་དེ་སུས་ཟ་སྙིང་བྲོ་གི་རེད། དེ་ལ་བརྟེན་ནས་བག་ལེབ་དེ་ཚོའི་སྒ྄ང་ལ་སྔོ་སྐྱ་སྐྱ་ཆག་ཚར་འདུག        ཡིན་ན་ཡང་སྐབས་དེ་དུས་ང་ཚོས་འོ་མ་དང་ལྷན་བག་ལེབ་དེ་ཚོ་ཟ་དགོས་བྱུང་སོང༌། བག་ལེབ་དེ་ཚོའི་ཐོག་ཡོད་པའི་སྔོ་སྐྱ་སྐྱ་དེ་མེད་པར་བཟོས་རྗེས་ང་ཚོས་བག་ལེབ་དེ་འོ་མ་དང་ལྷན་མིད་ཐུབ་ཀྱི་འདུག དེའི་བྲོ་བ་འཛོར་པོ་ཞིག་འདུག་ཀྱང་ང་ཚོས་དེའི་ཐོག་བདམས་སྲེས་བྱེད་ས་ཡོད་མ་རེད།
    ངས་གོང་དུ་བརྗོད་པ་ལྟར། ངས་གླས་པའི་ཁང་བ་དེ་མཉམ་འབྲེལ་ཞིག་ལ་དབང་བ་དེ་ཡག་པོ་ཞེ་དྲག་བྱུང་སོང༌།   རྗེས་སུ་ངས་གོ་རྒྱུ་ལ་ནང་མི་མང་བོ་མཉམ་དུ་བསྡད་པའི་ས་ཆ་དེར་ཁང་བ་གླས་པའི་ངའི་གྲོགས་པོ་གསུམ་ག་འཛིན་བཟུང་བྱས་ཡོད་འདུག    ཁོང་ཚོས་སྐད་འབོད་རྒྱབ་ཡོད་མ་རེད།    རྡོ་གཞུས་ཡོད་མ་རེད་ལ་ལྟད་མོ་བལྟ་མཁན་ཡང་མ་རེད། ཁོང་ཚོ་འཛིན་བཟུང་བྱས་ནས་འཕྲིད་ཕྱིན་པ་རེད། ཡ་མཚན་པ་ཞིག་ལ་ཁོང་ཚོ་འཛིན་བཟུང་བྱས་པའི་རྒྱུ་མཚན་ནི།  ཁོང་ཚོའི་ནང་ནས་གཅིག་གི་སྐྲ་རིང་བོ་ཡོད་པས་ལྟ་སྣང་ལ་ཁམས་པ་འདྲ་བོ་འདུག་ཅེས་དང༌།  གཞན་པ་དེའི་སྐྲ་ཐུང་ཐུང་བཞག་ཡོད་པས་གྲྭ་བ་འདྲ་བོ་འདུག་ཅེས་པ་དེ་རེད། གསུམ་པ་དེ་འཛིན་བཟུང་བྱས་པའི་རྒྱུ་མཚན་ནི་ཁོང་གི་ཁའི་ནང་ལ་གསེར་སོ་རྒྱབ་ཡོད་པ་དེ་ཡིན་འདུག
གསེར་སོ། ང་ཧ་སང་བའི་སྒོ་ནས་དེའི་རྒྱུ་མཚན་ཅི་ཡིན་ལུགས་དྲིས།
    ཨོ།   ཁྱེད་ཀྱིས་མཁྱེན་གསལ་ལྟར་ཁམས་པ་དང་ཨ་མདོའི་མི་རྣམས་གསེར་སོ་རྒྱབ་རྒྱུ་ཤིན་ཏུ་དགའ་བོ་ཡོད་པ་དང༌། མི་མང་སྒེར་ལང་འདིའི་སྐབས་ལ་ཁམས་པ་དང་ཨ་མདོ་བ་མང་བོ་ཡོད་པས་རེད། གསེར་སོ་ལ་བརྟེན་ནས་ཁོང་འཛིན་བཟུང་བྱས་པ་ནི་ཕལ་ཆེར་ཁོང་ཨ་མདོ་བ་དང་ཡང་ན་ཁམས་པ་རེད་དྲན་ཡོད་ཀྱི་རེད། ངས་གོ་ཐོས་ལ་ཁོང་རྒྱུ་མཚན་དེ་ལ་བརྟེན་ནས་འཛིན་བཟུང་བྱས་པ་རེད་ཟེར། ཡིན་ན་ཡང༌། ངས་ད་ལྟར་ཁོང་ཚོ་ལ་གང་བྱུང་ཡོད་མེད་ཤེས་མ་སོང༌། ངས་གླས་པའི་ཁང་བ་དེར་ལྟ་རྟོགས་བྱེད་མཁན་གྱི་མི་དེ་ནི་ལྷ་ས་ནས་རེད་ལ་ཁོང་ནི་སྡར་མ་ཞིག་རེད་འདུག        མཚན་མོ་རྟག་པར་ཁོང་ངའི་སྡོད་ཤག་ཏུ་ཁུ་སིམ་གྱིས་འཛུལ་སྟེ་གློག་མ་སྤར་བའི་སྐུལ་མ་ཡང་ཡང་བྱེད་ཅིང༌། ཡིན་ཡང་མཐའ་མཇུག་དེར་ཁོང་གིས་ང་ཕྱི་ལ་ཕུད་སོང༌། ངས་ཁོང་ལ་ངས་ཁང་བ་འདི་ཟླ་བ་གསུམ་རིང་གླས་ཡོད་པ་དང་ད་དུང་ཟླ་བ་གསུམ་ཟིན་མེད་ལུགས་ཇི་ཙམ་བཤད་ཀྱང་ཁོང་གིས་ཁང་གླ་ཚུར་གློག་ཅིང་ད་དུང་དཔང་ཡིག་གཅིག་ཀྱང་བྲིས་སོང༌། ཁོང་གིས་ཨུ་ཚུགས་ཀྱིས་ཇི་ལྟར་བྱས་ཀྱང་ང་ཁང་བའི་ཕྱི་ལ་འགྲོ་དགོས་ལུགས་བརྗོད་བྱུང༌། ཚེས་༡༩ ཉིན་དེར་ང་ཁང་བ་དེ་ནས་འགྲོ་དགོས་བྱུང་ཞིང༌།  ངས་གྲོགས་པོ་གཉིས་ལ་གྱེས་མཇལ་ཞུས་ཤིང་དེ་ནས་སོ་སོའི་ལམ་ཁར་འགྲོ་དགོས་བྱུང༌།   གྲོགས་པོའི་ནང་ལ་ཉིན་གསུམ་རིང་བསྡད་ཅིང༌། དེ་ནས་ངས་མེ་འཁོར་ལག་འཛིན་བཙོང་གི་ཡོད་པ་ཤེས་སོང་བས་ང་ཐད་ཀར་མེ་འཁོར་བབ་ཚུགས་སུ་ཕྱིན་པ་ཡིན། ངའི་གྲོགས་པའི་ནང་ནས་མེ་འཁོར་བབ་ཚུགས་བར་ཀི་ལོ་མི་ཏྲར་གཉིས་ཙམ་ཡོད་ཅིང༌། ལམ་ཁར་དམག་མི་དེ་ཚོས་མེ་མདའ་དང་རྒྱུགས་པ་འཁྱེར་ནས་ང་ལ་བརྟག་དཔྱད་ཐེངས་བདུན་ཙམ་བྱས་སོང༌།     ཁོང་ཚོ་ཚང་མས་ཤི་ཆེན་གྱི་སྐད་རྒྱབ་ཀྱི་འདུག  ཁོང་ཚོ་ནི་སྐམ་ཞིང་གཟུགས་པོ་ཆུང་བས་ཙི་ཙི་འདྲ་བ་ཞིག་འདུག་ཀྱང་སྟག་ལས་ཀྱང་ཞེད་སྣང་ཚ་བ་ཞིག་འདུག   
    ཁོང་ཚོས་ངའི་ངོ་སྤྲོད་ལག་འཁྱེར་དང་ད་ལྟའི་སྡོད་གནས་ཀྱི་དཔང་ཡིག་ལ་ཞིབ་འཇུག་ལན་མང་བྱས་ཤིང༌།  གལ་ཏེ་མི་སུ་ཡིན་རུང་ལག་འཁྱེར་ནང་གི་དཔར་དེ་དང་འདྲ་བོ་མེད་ཚེ་དེ་ག་རང་དུ་འཛིན་བཟུང་གིས་འཁྱེར་འགྲོ་གི་ཡོད་འདུག    ཁོང་ཚོས་ད་དུང་ངའི་ལག་ཐོགས་པར་ནང་གི་འཕྲིན་ཡིག་དང་དཔར་སོགས་ལ་བརྟག་དཔྱད་ཐེངས་མང་བྱས་ཀྱང་སྟབས་ལེགས་པ་ཞིག་ལ་ངས་ལག་ཐོགས་ཁ་པར་གྱིས་དཔར་གཅིག་ཀྱང་རྒྱབ་མེད། ངའི་ཅ་ལག་དེ་ཚོ་ཡང་ཡར་བཀྱགས་ནས་བརྟག་དཔྱད་བྱས་སོང༌། དེའི་ནང་ལ་དཔར་སྣོད་ཆུང་ཆུང་ཞིག་ཡོད་པས་པར་རེ་རེ་བཞིན་བླངས་ནས་བལྟས་སོང༌།    ཆེས་ཡ་མཚན་དགོས་པ་ཞིག་ལ་ཁོང་ཚོས་ངའི་ཕུ་ཐུང་ཡར་རྫིས་ནས་དཔུང་བ་ནས་ཡར་མར་ཐེངས་ཁ་ཤས་ཀྱི་རིང་ཤུགས་ཀྱིས་འཐེན་སོང༌། གང་ཡིན་ཟེར་ན། ཁོང་ཚོས་འཕྲེང་བ་འཚོལ་གྱི་ཡོད་འདུག སུ་ཞིག་གིས་མཁྲིག་མའི་སྟེང་ཕྲེང་བ་གོན་ཡོད་ན་དེ་ནི་གྲྭ་བ་ཞིག་ཡིན་པ་འམ་ཡང་ན་ནང་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།   རྗེས་སུ་ངས་གོ་ཐོས་ལ་མི་ཁ་ཤས་ཕྲེང་བ་གོན་ཡོད་པ་ལ་བརྟེན་ནས་འཛིན་བཟུང་བྱས་ཡོད་པ་རེད་ཟེར་གྱི་འདུག    མཐའ་མཇུག་དེར་ངས་མེ་འཁོར་ལག་འཛིན་ཉོས་ཐུབ་པ་ཞིག་བྱུང་སོང་བས་ངས་ལམ་འགྲོ་རྒྱུགས་སོང་དྲན་བྱུང༌།    ང་མེ་འཁོར་ནང་འཛུལ་ཚར་བའི་རྗེས་ལ་དམག་མི་བཅུ་གཉིས་ཙམ་ཞིག་སླེབས་བྱུང༌། མི་མང་བོ་ཞིག་ངའི་ཉེ་འགྲམ་དུ་སླེབས་ནས་ང་མཐའ་བསྐོར་སོང་ལ་དེ་ཚོས་ང་གཅིག་པུ་ལ་བརྟག་དཔྱད་བྱེད་ཀྱི་འདུག   ངས་ང་ལ་མ་གཏོགས་མེ་འཁོར་ནང་ཡོད་པའི་རྒྱ་མི་དེ་ཚོ་ལ་གང་ཡང་མ་བྱས་པ་དང་ཁོང་ཚོས་ངའི་ཁུག་མ་ཡར་མར་སློག་ནས་ཅ་དངོས་རྣམས་གང་སར་གཡུག་པར་གསལ་བོར་མཐོང་སྐབས་ང་ཁོང་ཁྲོས་བཟི་ནས་འདར་བའི་བཟོ་འདྲ་བོ་ཆག་སོང་ལ་ངའི་ཁོག་པར་མེ་འབར་གྲབས་བྱས་སོང༌།
    ཁྱེད་རང་གིས་ཁོང་ཁྲོ་ཕྱི་རུ་མ་བཏོན་པ་དེ་ཞེ་དྲག་ཡག་པོ་བྱུང་སོང༌། ངས་མིག་རིལ་ཆེ་ཞིང་སྨིན་མ་སྔོ་ལྗོབ་ཅན་གྱི་ཨ་མདོ་བའི་གཞོན་པ་དེ་ལ་ཅེར་བཞིན་ང་རང་གིས་བསམ་པར་ངས་བཟོད་བསྲན་བྱས་པས་ང་འདི་ལྟར་གནས་ཐུབ་ཞིག་བྱུང་བ་རེད་སྙམ། ངས་ཁྱེད་ཀྱིས་གང་བཤད་པ་ཤེས་སོང༌། ཞེས་ཁོང་གིས་སྨྲས། ཁྱེད་ཀྱིས་ང་བཙན་བྱོལ་བ་ཞིག་ཡིན་པ་དྲན་གི་འདུག་གམ། འདི་ངའི་མཐའ་མཇུག་གི་དུས་ཚོད་དེ་རེད་ལ་ང་ས་ཆ་འདིར་ཁྱོན་ནས་སྡོད་ཀྱི་མིན། ཞེས་སྨྲས།
ལགས་རེད། ཅེས་ངས་བརྗོད་པ་ཡིན།
    JW ཡིས་མགོ་ཏོག་ཙམ་སྒུར་ཞིང་ཡང་ཡར་ཏོག་ཙམ་བཏེགས་ནས་གཡས་གཡོན་ལ་བལྟས་ཤིང་ཡང་མར་ཏོག་ཙམ་སྒུར་སོང༌།   ཏོག་ཙམ་གྱི་རྗེས་ལ་ཁོང་གིས་སྐད་ཤུགས་དམའ་བོས་ང་འགྱོད་པ་ཞེ་དྲག་འདུག་ལ་ང་འགྱོད་པ་སྐྱེས་ནས་ལྷག་གི་རེད། ང་རང་རང་གིས་མིག་གིས་བུ་མོ་དེ་བསད་པ་མཐོང་བ་ནས་བཟུང་ང་འགྱོད་པ་སྐྱེས་ཀྱི་འདུག        ཡིན་ན་ཡང༌། ང་ལ་འགྱོད་པ་ག་ཚོད་སྐྱེས་ཀྱང་ངས་གང་ཡང་བྱེད་ཐུབ་ཀྱི་མི་འདུག    གང་ཡིན་ཟེར་ན། གཟབ་གཟབ་གྱིས། ཞེས་པ་འདི་ག་དུས་ཡིན་ཡང་ངའི་རྣ་བར་གྲགས་ཡོང་གི་འདུག    དེ་ལ་སླེབས་དུས་ངས་JWཡིས་བཤད་མཚམས་ཐ་མ་དེར་བཞག་གི་ཡིན་པ་ཤེས་སོང༌། ཁོང་ཡར་ལངས་ནས་ང་དང་མ་གྱེས་གོང་ང་ལ་གཟབ་གཟབ་གྱིས་ཞེས་བསྐྱར་ཟློས་ཀྱིས་བརྗོད་བྱུང༌། ངས་གང་ཡང་བརྗོད་མ་ཐུབ་བར་ཤུགས་རིང་ཞིག་བཏོན་པ་ཡིན། ཁོང་ཞེ་སྣང་འོག་ཡོད་པ་གསལ་བོར་ཤེས་ཐུབ་ཀྱི་འདུག་ཀྱང་ཁོང་ཞེད་སྣང་གི་དབང་གིས་མི་སྨྲ་ཡི་བརྟུལ་བཞུག་མི་འཆང་བ་མ་ཟད། ད་དུང་ཞེ་སྣང་དང་བཅས་ཁོང་གིས་མྱོང་ཚོར་རྣམས་མང་ཚོགས་ལ་འགྲེལ་བརྗོད་བྱེད་ཆོག་པའི་ཆོག་མཆན་ཡང་སྤྲད་བྱུང༌། གང་ཡིན་ནམ། ངས་འཇིགས་སྣང་དང་རང་དབང་སྐོར་གྱི་ཨུ་སན་སུ་སྐྱི་ཡི་རྩོམ་ཡིག་ཅིག་བཀླགས་པ་ཡིན་ལ་ཁོང་མོས་མི་མང་གིས་གཞན་གྱིས་བཙན་གནོན་གྱི་འོག་ནས་ཐར་ཆེད་འཐབ་རྩོད་བྱས་པའི་སྙིང་སྟོབས་རྣམས་ཚིགས་བཅད་ཀྱི་ལམ་ནས་འགྲེལ་བརྗོད་བྱས་ཡོད་རེད།  སྐབས་དེ་དུས་ངས་དེ་ཚར་གཅིག་ཀློག་སྐབས་ངས་དེ་ནི་བོད་པ་ལ་ཡང་གཅིག་མཚུངས་ཤིག་འབྱུང་བ་ཤེས་རྟོགས་བྱུང༌།

ང་ཚོ་མ་རྒད་ལྟར་བསིལ་བོ་ཡིན་སྲིད་ཅིང༌།
སྙིམ་པའི་ནང་གི་ཆུ་བཞིན།
ཨོ། ཡིན་ན་ཡང༌།
ང་ཚོའི་སྙིམ་པའི་ནང་དུ་ཡོད་པའི།
ཆག་གྲུམ་ཤོར་བའི་ཤེལ་ཕོར་འདི།
ང་ཚོས་ངེས་པར་དུ་གཅེས་སྤྲས་བྱེད་དགོས།
༢༠༠༨ ཟླ་བ་༦ ཚེས་༡ ཉིན་པེ་ཅིང་ནས།

    སྒྱུར་བ་བོ་ཤེས་ཚད་དམན་ཅིང་དགོས་ངེས་ཀྱི་དུས་ཚོད་ཀྱང་འདང་ངེས་ཞིག་མ་རག་སྟབས་འགྱུར་གྱི་ཐད་སྐྱོན་གང་ཞིག་ཡོད་ན་ནོར་བཅོས་དང་ལམ་སྟོན་ངེས་གནང་ཡོང་པ་ཞུ་རྒྱུ་དང་རྩོམ་ཡིག་འདི་ཡི་མ་དཔེ་ལ་གཟིགས་འདོད་ན་
woeser.middle-way.net          jamyangnorbu.com          raggedbanner.com     
སོགས་ལ་གཟིགས་རོགས་གནང༌། ཞེས་བཤེས་མཉེན་དུ་མ་དང་གཙོ་བོར་ཡབ་ཆེན་དམ་པའི་སྐུ་དྲིན་ཉག་ཅིག་ལས་དབྱིན་བོད་ཧིན་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་མི་ཉུང་བ་ཞིག་ལ་འཆད་རྩོད་རྩོམ་པའི་སྤོབས་པ་མི་དམན་པ་བེ་རི་དཔལ་ལྡན་རྣམ་རྒྱལ་ལམ་མིང་གཞན་བེ་རི་སྨྱོན་ཕྲུག་ཏུ་འབོད་པས།
                ༢༠༠༨ ༡༠ ༢༧ ཉིན་མཇུག་རྫོགས་པར་བྱས་ནས་བསྒྱུར་བའོ།།།།