Sunday, October 24, 2010

ཁྱོད་ཀྱིས་འཁྲབ་དང་། ངས་ལྟད་མོ་བལྟ་ཆོག

               ཁྱོད་ཀྱིས་འཁྲབ་དང་། ངས་ལྟད་མོ་བལྟ་ཆོག


སྣབས་ལུད་སྦགས་པའི་དཔེ་ཁུག་དྲུད་ནས་མཁས་པ་སློབ་པའི་གྲྭ་བར་བསྙེགས།།
འཁྱར་མ་འཁྱོར་གྱི་གོམ་འགྲོས་ཤིག་གིས་མི་ཚེ་རིང་མོའི་ལམ་སྣེ་འཚོལ།།
ཕུགས་འདུན་བརྟན་པོའི་རྨུ་ཐུག་འཇུས་ནས་ས་ཕྱོགས་ངེས་མེད་དྲུད་པར་བྱས།།
ད་ཕྲུག་བྱིས་པའི་གོག་འགྲོས་འདི་ལ་བཞི་ཤད་རི་མོས་བཅད་མ་མྱོང་།།

མི་ཚེ་རིང་པོའི་འཕྲང་ལམ་དེ་ན་རྩེ་མོ་རྣོ་བའི་རྡོ་ཧྲུག་མང་།།
གཡས་དང་གཡོན་གྱི་ལྷགས་རླུང་ཚ་བོས་དཀར་མཛེས་བཞིན་ལ་འགྲམ་ལྕག་སྟེར།།
ཁྱི་རྒན་རྒྱ་བོའི་ཕྱག་དབང་ཞིག་གིས་མགོ་བོ་བཏེགས་པའི་གོ་སྐབས་འཕྲོག།
སུག་ལག་བཞི་ག་ས་ལ་བཙུགས་ནས་ཕུགས་འདུན་འཚོལ་བའི་ངལ་བ་བསྟེན།།


ཁྱི་སྤྱང་ཚོགས་ཀྱིས་ཁྱུ་དང་ཁྱུར་བྱས་རི་ཀླུང་འགུལ་བའི་ངུ་ཟུག་ཁྲོད།།
ཉམ་ཆུང་བྱིས་པས་རྣ་བའི་བུ་ག་ཤོག་བུ་ཞིག་གིས་བཅད་བྱས་ནས།།
ངེས་པ་དོན་གྱི་རྒྱལ་ཁའི་དཔལ་འབར་ཀུན་གྱི་མིག་སྔར་བཤམ་པ་ན།།
རྔ་མ་སྐུང་ནས་ངུ་ཟུག་སྒྲོག་བཞིན་རི་བོའི་ཐུར་དུ་བྲོས་པར་བརྩམས།།

 
མགོ་མཇུག་ལྡོག་པའི་སྤྱི་ཚོགས་ནང་དུ་རྒད་མོ་བྲོ་བའི་གཏམ་རྒྱུད་མང་།།
རྒད་མོ་འཆོར་བའི་གླིང་ག་དེ་ན་རྒད་མོ་སློབ་པའི་སྤྲེ་རྒན་མང་།།
རྒད་མོར་དགའ་བའི་སྤྲེ་ཕྲུག་མང་པོས་རྒད་མོའི་སློབ་ཚན་ཤུགས་ཀྱིས་སྒྲོག།
རྒད་མོ་ཤོར་བའི་སྒྲ་དབྱངས་སྙན་པོས་རྒད་མོའི་གླིང་ག་ཅི་ཡང་མཛེས།།

 སྤྲེ་ཕྲུག་མང་པོས་རྔ་སྦུབས་དཀྲོལ་དུས་སྤྲེ་རྒན་དགའ་བའི་གར་ལ་རྩེན།།
སྤྲེལ་རྒན་རྒྱ་བོས་རྐུབ་དམར་ངོམས་ནས་ས་ཁུག་དེ་ན་ཤུགས་ཀྱིས་འཁྲབ།།
ད་དུང་ཁྱོད་ཉིད་མུ་མཐུད་འཁྲབ་དང་འཁྲབ་ཚན་ལེ་འུ་ཇེ་འཕྲུག་རེད།།
ཁོ་བོས་ཁྱེད་ལ་རྒྱང་རིང་ཞིག་ནས་བརྒྱ་ཆའི་ཨང་གྲངས་སྤྲོད་ཆོག་ལགས།།



















Thursday, October 21, 2010


ངའི་རབ་རིབ་ཀྱི་རྨི་ལམ།

ངའི་རབ་རིབ་ཀྱི་རྨི་ལམ།

ལྷུང་ལྷུང་འབབ་པའི་སྦྲང་ཆར་ཟེགས་མས་ཀུན་བཟོད་སྒེག་མོའི་བཞིན་རས་བརླན།།
བསིལ་ལྷང་ལྷང་གི་རླུང་བུ་ཞིག་གིས་དགུན་གྱི་རྒྱལ་མོ་མགྲོན་དུ་འགུག།
འཁྱག་སིག་སིག་གི་འཚོ་བའི་ཁྲོད་ནས་མིག་ཟུང་འདབ་མ་ཟུམ་བྱས་ནས།།
ཁ་དོག་མེད་པའི་རབ་རིབ་རྨི་ལམ་ཡང་བསྐྱར་ཐེངས་གཅིག་གཏོང་མགོ་བརྩམས།།

རྐང་འཐུང་སྒེག་མོའི་འདབ་མའི་རྩེ་ནས་ཆར་གྱི་ཐིགས་པ་མགོ་ལ་ལྷུང་།།
ཕྲ་ཆུང་མིག་ཟུང་འདབ་མའི་མཐའ་ནས་མིག་ཆུའི་ཟེགས་མ་དལ་གྱིས་ལྷུང་།།
ཆར་དང་མིག་ཆུ་འཐབ་པའི་སྲུབ་ནས་མངར་སྐྱུར་འདྲེས་མའི་འཚོ་བ་ཡིས།།
ཟུར་གསུམ་སྙིང་ཆུང་སྡུག་གིས་གས་ནས་ཟུངས་ཁྲག་དམར་པོ་དྲག་ཏུ་འཕྱོ།།

ངེས་མེད་རླུང་བུ་ཤུགས་ཀྱིས་ལྡང་དུས་སྟོན་མཇུག་ལོ་མ་སེར་པོ་བཞིན།།
དྲི་བཞོན་བུ་མོའི་ལྷན་དུ་འགྲོགས་ནས་མགོ་མཇུག་མེད་པའི་ཡུལ་ལུང་འགྲིམས།།
ཕྲ་བོའི་མཚོན་གྱིས་ཡོངས་སུ་སྦངས་པའི་འཕྲང་ལམ་དོག་པའི་ཟུར་ཀ་ནས།།
ཁ་དོག་མེད་པའི་རྨི་ལམ་ཞིག་གིས་མི་ཚེ་ཐུང་ངུའི་དབུ་ཁྱུད་བྲིས།།

ལྷམ་གོག་ལྗིད་པོས་རྡོག་པས་རྫིས་དུས་རྐང་པའི་འོག་གི་ས་འབུ་བཞིན།།
སུག་ལག་ཆག་པའི་ན་ཟུག་ཅིག་གིས་མགོ་བོ་བཏེགས་པའི་གོ་སྐབས་འཕྲོག།
རེ་ཐང་ཆད་པའི་དབུགས་ཀྱི་རྒྱུ་བ་བཞི་ཤད་རི་མོས་མ་བཅད་པར།།
ཁ་དོག་མེད་པའི་རྨི་ལམ་ཞིག་གིས་རང་སེམས་གསོ་བའི་ཉེར་བསྡོགས་བསྐྲུན།།

ལས་དབང་བཙན་པོས་འགྲམ་ལྕག་གཞུས་དུས་ཆང་བཟི་རྒྱ་བོའི་གོམ་འགྲོས་བཞིན།།
འཁྱར་མ་འཁྱོར་གྱི་སྟངས་སྟབས་ཤིག་གིས་ཕུགས་བསམ་ཕྲ་མོའི་ལམ་སྣེ་འཚོལ།།
ཕུགས་འདུན་རྨུ་ཐག་དམ་གྱིས་འཇུས་ནས་ས་ཕྱོགས་ངེས་མེད་དྲུད་པར་བྱས།།
ཁ་དོག་མེད་པའི་རྨི་ལམ་ཞིག་གིས་རང་ཉིད་རྙེད་པའི་དགའ་ཚོར་བྱིན།།

༢༠༡༠། ༠༩།༢༠ཉིན་འབྲུག་གི་མགྲོན་ཁང་ཞིག་ནས།

Tuesday, October 19, 2010

རྒན་རིན་པོ་ཆེ། ཐུགས་རྗེའི་གཟིགས་པ་མ་ཆུང་རོགས།

                       Great Beri &  Little Beri




རྒན་རིན་པོ་ཆེ། ཐུགས་རྗེའི་གཟིགས་པ་མ་ཆུང་རོགས།

ངེས་མེད་རླུང་གི་རྒྱུ་ཕྱོགས་ཤིག་གིས་ཐལ་འཚུབ་ལངས་པའི་སྟ་གོན་བརྩམས།།
ཐལ་བའི་རྡུལ་གྱི་ནག་ནོག་དྲི་མས་དཀར་མཛེས་བཞིན་རས་ཡོངས་སུ་སྦགས།།
མི་མངོན་ཁེར་རྐྱང་འཕྲང་ལམ་ཞིག་ནས་འཁུན་སྒྲ་ཤུགས་ཀྱིས་གྱེར་བ་ན།།
ཀུན་གསལ་ཀློང་ནས་ཉིན་མོའི་མགོན་གྱིས་འོད་ཀྱི་རླབས་ཕྲེང་འཁྱུད་པར་མཛོད།།


ཁ་དོག་མེད་པའི་ན་བུན་ཞིག་གིས་གངས་དཀར་རི་བོའི་མཐའ་ནས་འཁྱུད།།
རྨི་ལམ་ཕྲ་བོའི་སྤྲིན་ལ་བཞོན་ནས་གོ་ལ་ཟླུམ་པོར་རྒྱང་བལྟ་བྱས།།
རེ་ཐང་ཆད་པའི་དབུགས་རིང་ཞིག་གིས་ཡོད་ཚད་ས་ལ་བརྡབས་པར་བྱས།།
ས་ལ་རྡབ་པའི་ན་ཟུག་འདི་ཡིས་རང་ཉིད་སུ་ཡིན་ངོ་སྤྲོད་གནང་།།

མདུད་པ་མང་བའི་རྨུ་ཐག་འཇུས་ནས་གཙང་པོའི་ཕ་རོལ་བརྒལ་ན་བསམ།།
མདུད་པ་རེ་རེ་ཆད་པར་གྱུར་ན་ཆུ་སྲིན་བཙན་པོའི་ཁ་རུ་ལྷུང་།།
མི་མངོན་སེམས་ཀྱི་རེ་ལྟོས་འཆའ་བའི་རྒྱང་རིང་སློབ་དཔོན་ཁྱེད་ཉིད་ཀྱིས།།
ཐུགས་རྗེའི་འོད་ཀྱི་ཞགས་པ་དཀར་པོ་ད་དུང་བདག་ལ་དཔྱང་པར་མཛོད།།

སྤྲང་ཁྱི་རྒན་པོས་མཇུག་མ་སྐུང་ནས་གསེར་ཁྲིའི་སྟེང་ནས་འགྱིངས་པ་དང་།།
མུན་པའི་ཀློང་ནས་སྲིན་འབུ་མེ་འཁྱེར་རང་རློམ་འབར་ནས་འཕུར་པ་དང་།།
ཁྱི་སྤྱང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ངུ་ཟུག་ཤུགས་ཀྱིས་སྒྲོག་པ་འདིར།།
བེ་རི་སྨྱོན་ཕྲུག་ཞེད་དོན་མེད་ཀྱང་སུན་པོ་བཟོས་པ་ཉུང་ཉུང་མིན།།

གསེར་རྩི་བཏང་བའི་ར་གོན་འོད་ཀྱིས་མི་སེམས་བསླུ་བའི་ཟློས་གར་འཁྲབ།།
ས་དུང་བྲུས་ནས་དོན་དམ་གསེར་དངུལ་འོབས་སུ་སྦས་པའི་ཉེར་བསྡོགས་བརྩམས།།
གོ་ལྡོག་ལས་ཀྱི་བྱ་སྤྱོད་འདི་ཡིས་གངས་དཀར་སེམས་པར་ཆག་གྲུམ་ཤོར།།
ཆག་གྲུམ་ཤོར་བའི་སེམས་པ་འདི་ཡིས་འགྱོད་པ་འབུམ་ཕྲག་ཁོག་ཏུ་སྦྲུམ།།

བསམ་བཞིན་བསམ་ན་རེ་ཐང་ཆད་ནས་དབུགས་རིང་སྟོང་གི་འཚང་ཁ་རྒོད།།
དབུགས་རིང་རེ་རེའི་མཇུག་སྣེ་དེ་ན་སྐྱོ་གདུང་འབུམ་གྱིས་སྙིང་ཁ་བཀས།།
སྙིང་ཆུང་དམར་པོ་སྙིམ་པས་སྐྱོར་ནས་ཁེར་རྐྱང་འཕྲང་ལམ་དལ་གྱིས་བཞུད།།
ངུ་ངག་འདྲེས་མའི་ཆིག་ལབ་སྙོམས་པོས་རང་སེམས་གསོ་བའི་ཐབས་ལ་འབད།།

ཡབ་ཆེན་དམ་པའི་རེ་བའི་རྣམ་ཤེས་དོན་མེད་མཁའ་མཐར་གཏོང་འདོད་མེད།།
འཇིགས་མེད་མཁས་པའི་གསོ་སྐྱོང་བཀའ་དྲིན་ཡང་པའི་རླུང་ལ་སྐུར་འདོད་མེད།།
བེ་རི་སྨྱོན་ཕྲུག་མིང་སྐམ་འདི་ཉིད་སྐམ་རུལ་ཅན་དུ་བསྒྱུར་འདོད་མེད།།
འགྱུར་དགའ་དམ་པའི་ཁྲག་དང་རུས་པ་འདི་ལྟར་ས་ལ་གཏོར་འདོད་མེད།།



ལས་དབང་བཙན་པོའི་བརྙས་བཅོས་འོག་ནས་ཕུགས་བསམ་དཔལ་འབར་མ་ཉམས་པར།།
ཡིད་ཆེས་གཙང་མས་མིག་ཟུང་བཙུམ་ནས་འདི་ལྟར་མདུན་བསྐྱོད་བྱས་ཡོད་པས།།
ངེས་མེད་རླུང་བུའི་རྒྱུ་ཕྱོགས་འདི་ཡིས་ཐལ་འཚུབ་ལངས་པའི་མཇུག་སྣེ་ནས།།
དགེ་རྒན་དམ་པས་སློབ་མ་ཁོ་བོར་ཐུགས་རྗེའི་གཟིགས་པ་མ་ཆུང་རོགས།།

༢༠༡༠། ༠༩།༢༠། ཉིན་འབྲུག་གི་རྒྱལ་ས་ཐིམ་ཕུག་ནས་བེ་རི་སྨྱོན་ཕྲུག་གིས།

Monday, October 18, 2010

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན།


རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་ཇི་ལྟར་བྱུང་བ་རེད། བེ་རི་དཔལ་ལྡན་རྣམ་རྒྱལ།
 
 
སྤོ་ལོ་རྩེད་མོ་འདི་བོད་དུ་ཇི་ལྟར་དར་ཚུལ་ནི་དུས་རབས་ཉི་ཤུ་པའི་འགོར། དབྱིན་ཇི་དང༌། དེའི་རྒྱ་གར་དམག་མི་རྣམས་ཀྱིས་རྒྱང་རྩེ་རུ་རྐང་སྤོལ་ཐོག་མར་རྩེས་པ་དང༌། ཕྱི་ལོ་ ༡༩༡༣ ནས་རིམ་བཞིན་དམག་མི་རྣམས་ཀྱིས་ཕན་ཚུལ་རྐང་སྤོལ་རྩེ་བ་ནས་བཟུང་བོད་དུ་རྐང་སྤོལ་རྩེད་མཁན་མང་དུ་ཕྱིན་ཅིང༌། ༡༩༤༩ ལོར་རྒྱ་དམར་གྱི་བོད་བཙན་བཟུང་མ་བྱས་བར་མུ་མཐུད་ནས་རྩེས་བ་རེད།

 ༡༩༥༠ ལོར་བོད་དུ་ཅུང་གྲགས་ཆེ་བའི་རྐང་སྤོལ་རུ་ཁག་ཀྱང་ཁ་ཤས་ཤིག་བྱུང་བ་སྟེ། ལྷ་ས། པོ་ཏཱ་ལ། གྲྭ་བཞི་དང༌། སྐུ་སྲུང་བའི་རུ་ཁག་སོགས་བྱུང་འདུག ཁོང་ཚོས་ནང་ཕན་ཚུན་རྩེད་འགྲན་ཐེངས་མང་བྱས་ཤིང་རྒྱ་ནག་དམག་མི་ཚོའི་ལྷན་དུའང་འགྲན་བསྡུར་མང་པོར་བྱས་ཡོད་པ་རེད། དེ་ནས་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་བོད་གཞུང་དབུ་བརྙེས་ཤིང༌། ༡༩༦༠ ལོར་སློབ་གྲྭ་གསར་འཛུགས་བྱས་སྐབས་གཞོན་སྐྱེས་སློབ་ཕྲུག་གི་ཁྲོད་ནས་རྐང་སྤོལ་ལ་དོ་སྣང་ཤུགས་ཆེར་གནང་ནས། སློབ་གྲྭ་ནང་ཕན་ཚུན་བར་རྩེད་འགྲན་བྱས་ཤིང༌། དེ་ནས་རིམ་བཞིན་བོད་པའི་གཞོན་སྐྱེས་ཀྱི་ཁྲོད་རྐང་སྤོལ་ལ་དོ་སྣང་དང་དགའ་སྣང་ཤུགས་ཆེར་ཕྱིན་པ་རེད།
 ༡༩༨༡ ལོར་བོད་མའི་རྐང་སྤོལ་རྩེད་འགྲན་ཆེན་མོ་དེ་མགོ་བཙུགས་པ་ཡིན་ལ་དེ་ཡང་རྒྱལ་ཡུམ་ཆེན་མཽ་མཆོག་ ༡༩༨༡ ལོར་རྡ་སར་གྲོངས་བར་མྱ་ངན་གུས་འདུད་ཀྱི་ཆེད་རྩེས་པ་ཞིག་ཡིན་པས་རྩེད་འགྲན་འདིའི་མིང་ལའང་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གསྐྲརྒྱཞེས་ཆགས་པ་རེད། དེ་ཡང༌། ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེ་ཡི་རྩིས་པ་ཟུར་པ་ཇོ་ཚེ་རིང་གིས་དབུ་འཁྲིད་པའི་འོག་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐོག་མར་རྡ་རམ་ས་ལ་རུ་ ༡༩༨༡ ལོའི་ཟླ་བ་༨ པའི་རྩེས་ཐུབ་པ་བྱུང་བ་རེད།
 དེས་ན་ཁོང་ནི་རྩེད་འགྲན་འདི་ཡི་ཐོག་མར་དབུ་འཛུགས་མཁན་དུ་ངོས་འཛིན་བྱེད་ཆོག རྩེད་འགྲན་དང་བོའི་སྐབས་རྩེད་འགྲན་བ་ཡོངས་རྫོགས་རྡ་ས་རང་ནས་ཡིན་ཞིང༌། མཐའ་མའི་རྒྱལ་ཁ་དེ་བོད་ཕྲུག་ཁྱིམ་སྡེ་ལ་ཐོབ་ཡོད་པ་དང༌། ༡༩༨༢ ལོ་ནས་བོད་པའི་གཞིས་སྒར་དུ་མ་ནས་རྩེད་འགྲན་དུ་སླེབས་ནས་ ༡༩༨༩ ལོའི་བར་མུ་མཐུད་དེ་རྩེས་པ་རེད། འོན་ཏེ། དེའི་ཕྱི་ལོ་ནས་བརྗོད་མི་ཤེས་པའི་དཀའ་ངལ་དུ་མ་ཞིག་ལ་བརྟེན་ནས་རྩེད་མོ་འདི་རྩེ་མ་ཐུབ་པར་ལུས་པ་རེད། དེ་ནས། དབུས་གཙང༌། མདོ་སྟོད། མདོ་སྨད། གཅིག་སྒྲིལ་ཚོགས་པ། གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ་དང་བཅས་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་རྩེད་མོ་འདི་ཉིད་སླར་གསོ་བྱས་ཡོད་ཀྱང༌། རྗེས་སུ་གཞོན་ནུ་དང་བུད་མེད་གཉིས་ཚོགས་པ་ནས་མར་འཐེན་ཞིང༌། ལྷག་མ་གཞན་བཞིས་གོ་སྒྲིག་འོག་ ༡༩༩༧ དང་ ༡༩༩༩ལ་རེ་ཞིག་རྩེས་ཡོད་ཀྱང༌། དེ་ཡང་མཇུག་སྐྱོང་ཐུབ་མེད་པ་རེད། 
༡༩༩༨ ལོེར་ཨི་ཊ་ལི་ནས་བོད་རིགས་རྣམས་རྐང་སྤོལ་རྩེད་འགྲན་ཆེད་ཐོག་མར་མགྲོན་དུ་བོས་ཤིང༌། དབུས་བོད་ཕྲུག་ཁྱིམ་སྡེ་ནས་བཀའ་འཁྲོལ་བྱུང་བ་བཞིན། ཆེས་ཐོག་མའི་བོད་རྒྱལ་ཁབ་ཀྱི་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་འདེམས་སྒྲུག་གིས་ལི་ཊ་ལི་རུ་ལོ་དེའི་ཟླ་བ་དྲུག་པའི་ནང་རྩེས་རྒྱུ་བྱུང་བ་ནི་བོད་རིགས་རྣམས་ལ་རྐང་སྤོལ་རྩེད་མོའི་སྒོ་ཕྱེ་བ་དང་རང་རིགས་ལ་ཆེ་མཐོང་མི་དམན་པ་ཞིག་གནང་བ་བཅས་ནི་བོད་ཀྱི་རྐང་སྤོལ་རྩེད་མོའི་ལོ་རྒྱུས་ནང་ནམ་ཡང་བརྗེད་མི་རུང་བའི་དུས་སྐབས་གལ་གནད་ཆེན་པོ་ཞིག་ཡིན། ༢༠༠༡ ལོར་རང་རེ་བོད་པའི་རུ་ཁག་དེ་བཞིན་གྷི་རི་ལེཊ་གཔྱྟྟརྣརྡཎརྣརྟདང་ལྷན་རྩེས་པ་དང༌། དེ་ནས་རིམ་བཞིན་ཁྟརྣནཎཔྱྡསོགས་ཀྱི་རྒྱལ་ཁབ་དང་ལུང་པ་ཁ་ཤས་ཤིག་དང་ལྷན་རྩེས་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། ལྷག་པར ༢༠༠༢ ལོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དབུ་བརྙེས་ཤིང༌། དེ་ནས་ད་བར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་ལྷན་ཚོགས་དེའི་གོ་སྒྲིག་འོག་རྩེས་པ་རེད། རྩེད་འགྲན་འདི་ནི་ ༡༩༨༡ ལོར་ཐོག་མར་དབུ་བརྙེས་པ་ནས་བཟུང་ད་བར་རྒྱ་བལ་གྱི་བོད་པའི་གཞིས་ཆགས་དུ་མའི་ནང་ཐེངས་བཅུ་བཞི་ཙམ་རྩེས་མྱོང་བ་མ་ཟད། རྩེད་འགྲན་དེ་དག་གི་ཁྲོད་ནས་བོད་ཀྱི་རྩེད་རིགས་ལྷན་ཚོགས་ཀྱིས་རྩེད་མོ་བ་རྣམས་འདེམས་སྒྲུག་གིས་བོད་ཀྱི་རྐང་སྤོལ་རུ་ཁག་གི་ནང་རྩེ་རྒྱུའི་གོ་སྐབས་གནང་གི་ཡོད་པ་རེད། དེ་ལྟར་ཁོར་ཡུག་དང་མཐུན་རྐྱེན་ལ་དཔག་པའི་བོད་པའི་རྩེད་མོ་བ་ཡང་མང་དག་ཅིག་བྱུང་ཡོད་ཅིང༌། དེ་དག་ཀྱང་ལས་དོན་གཞན་ཞིག་གི་ཞོར་དུ་རྐང་སྤོལ་རྩེ་བ་ལས་རྒྱལ་སྤྱིའི་རྐང་སྤོལ་བ་གཞན་རྣམས་དང་འདྲ་བར་རྐང་སྤོལ་གཅིག་པུའི་ཐོག་ནས་མི་ཚེ་བསྐྱལ་ཐབས་བྱེད་མཁན་ཕལ་ཆེར་མེད་ལ། དེ་ལྟར་བསྐྱལ་སའི་ཁོར་ཡུག་ཀྱང་མེད་པ་རེད། གལ་ཏེ་མཐུན་རྐྱེན་བྱུང་ཚེ་རྩེད་མོ་གཅིག་པུའི་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་མ་དེ་འདྲ་བསྐྱེད་བསྲིང་བྱེད་ཐུབ་ཚེ་རྗེས་མར་བོད་རང་བཙན་བྱུང་བའི་སྐབས་བོད་རྒྱལ་ཁབ་དེ་རྒྱལ་ཁབ་གཞན་དང་འདྲ་མཉམ་གྱི་ཐོག་རྩེད་མོ་རྩེ་ཐུབ་པ་ཞིག་ད་ལྟ་ནས་འཆར་གཞི་བསྒྲིགས་དགོས་སྙམ། 
ད་བར་རྩེད་འགྲན་དེ་ཐེངས་བཅོ་ལྔ་ཙམ་ཞིག་རྩེས་ཟིན་པ་དང་  རྩེད་འགྲན་འདིའི་སྐབས་རྙོག་གླེང་ཡང་མང་པོ་ཡོང་གི་ཡོད་ལ།  ཁ་ཤས་ཀྱིས་རྩེད་འགྲན་དེ་མི་ལེགས་པའི་དགོངས་ཚུལ་ཡང་མང་པོ་ཞིག་ལ་ཡོད་པ་རེད།

འགོག་བདེན་སྟོང་ཉིད་ཡིན་ནམ་ མིན། ༡



༡ དཔྱད་བརྗོད་འདིའི་གླེང་སློང་བ།
འགྲོ་ བ་མི་ནི་སྲོག་ཆགས་གཞན་དང་མི་འདྲ་བའི་ཡུལ་ལ་རྣམ་པར་འབྱེད་པའི་ཤེས་རབ་ལྡན་ ཞིང་། དེའི་ནང་ནས་གྲུབ་མཐའ་སྨྲ་བ་དང་རིགས་པ་སྨྲ་བ་ཞིག་ཡིན་ན། རང་རང་གི་ འདོད་ཕྱོགས་ལ་སྒྲུབ་བྱེད་ཀྱི་རིགས་པ་མང་ལ། གཞན་གྱི་འདོད་ཚུལ་དངོས་ཤུགས་ བརྒྱུད་གསུམ་ནས་འགོག་བྱེད་ཀྱི་ལུང་རིགས་དེ་བས་མང་། ཡིན་པ་ཞིག་མིན་པར་སྒྲུབ་ ཐུབ་ལ། མིན་པ་ཞིག་ཀྱང་ཡིན་པར་སྒྲུབ་ཐུབ་པ་ཡིན་པས། སྔོན་གྱི་བཤད་ཚུལ་ལ། ཡིན་ པ་མིན་པར་སྒྲུབ་ཤེས་ན། བསྡུས་ར་ཤེས་པའི་འབྲས་རྟ

གས་ཡིན། ཞེས་ཀྱང་བརྗོད་པ་ནི་གཅིག་བྱས་ན་དངོས་དོན་ཞིག་ཡིན་ངེས།

གང་ ལྟར་གཞུང་ལུགས་ནས་བཤད་པའི་མཁས་པ་སོ་སོའི་བཞེད་ཚུལ་ལ་མཁས་པ་གཞན་དང་གཞན་གྱིས་ དགག་སྒྲུབ་མང་དུ་གནང་ཡོད་པས། རང་རང་སོ་སོའི་བསམ་བློའི་ཁ་ཕྱོགས་དང་མཐུན་མིན་ ལ་ལྟོས་ནས་འཐད་དང་མི་འཐད་ཀྱི་རྣམ་གཞག་བྱེད་པ་ལས། འདི་མཐའ་གཅིག་ཏུ་རིགས་པ་ དང་མི་རིགས་པའི་ཁ་ཚོན་སུས་ཀྱང་གཅོད་མི་ཐུབ་ལ།  བདེན་པ་དང་རྫུན་པའི་རྣམ་གཞག་ ཀྱང་རང་གི་བསམ་བློ་ལ་ལྟོས་ནས་འཇོག་དགོས། ཡིན་པའི་འདོད་ཕྱོགས་ལ་སྒྲུབ་བྱེད་ ཀྱི་ལུང་རིགས་མང་བ་དང་བཙན་པ་ཡོད་བསམ་ན་དེ་ཉིད་རང་ཉིད་ཀྱི་འདོད་པ་ཡིན་དགོས་ ཀྱང་། མིན་པའི་ཕྱོགས་ཀྱི་སྒྲུབ་བྱེད་ཀྱི་ལུང་རིགས་རྣམས་ཀྱང་དོར་དུ་མ་འཇུག་ པར། དེ་དག་ལའང་བསམ་གཞིགས་མང་དུ་བྱ་དགོས་པ་ཡིན། རྒྱུ་མཚན་ནི། སངས་མ་རྒྱས་ པའི་འགྲོ་བ་ཀུན་གྱིས་ཐག་གང་བཅད་པ་རྣམས་ནི་གནས་སྐབས་རང་རང་གི་བསམ་བློའི་ འཁྱེར་སོ་དང་བསྟུན་པ་ཤ་སྟག་ཡིན་པ་དང་། བསམ་བློའི་སྨིན་ཚད་འགྱུར་བ་ཐེབས་པའི་ འོག་ནས་སྔར་གྱི་གྲུབ་མཐའ་དང་རང་ལུགས་རྣམས་ཀྱང་འགྱུར་འགྲོ་བ་ནི་རང་རང་གི་ མྱོང་བས་གྲུབ་པས་སོ།
དེས་ ན། ངའི་མ་མཇལ་བའི་རིགས་པའི་བཤེས་གཉེན་ཆོས་རྗེ་དགེ་ཆོས་རིན་པོ་ཆེས།
བྱིས་པའི་དུས་ནས་རྒས་ཤིང་འཁོགས་པའི་བར།།
སེམས་ ཀྱི་འཁྱེར་སོ་སྣ་ཚོགས་བརྗེས་གྱུར་པ།།
རང་ གི་མྱོང་བས་དཔྱད་ན་ཤེས་ནུས་པས།།
ད་ ལྟའི་འཆར་སྒོ་འདི་ལ་ཡིད་བརྟན་ཅི།།
ཞེས་ གསུངས་པ་ནི་གདམས་ངག་ཆེས་རྨད་དུ་བྱུང་བ་ཞིག་གོ།
དེས་ ན། འདིར་དབུ་མའི་གཞུང་ལས་མཁས་པ་སོ་སོའི་བཞེད་ཚུལ་མི་མཐུན་པ་ཆེས་མང་པའི་ འགོག་བདེན་སྟོང་ཉིད་ཡིན་མིན་གྱི་སྐོར་ནི་ཁོ་བོས་དབུ་མ་གསར་དུ་བལྟས་པའི་ སྐབས་གལ་གནད་ཆེ་ཤོས་ཤིག་དང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་འཁྲུག་ཤོས་ཤིག་ཀྱང་ མཐོང་སོང་བས་དེའི་ཐོག་བསམ་གཞིགས་བྱ་རྒྱུ་ནི་ངའི་དགའ་ཤོས་ཤིག་ཏུ་གྱུར།
༢ འགོག་ བདེན་དང་སྟོང་ཉིད་ཅེས་པ་ཅི་ཞིག་ཡིན།
ནང་ པའི་གཞུང་ལུགས་ནང་བདེན་བཞི་ཞེས་པ་ནི་ཐེག་པ་ཆེ་ཆུང་ཀུན་གྱི་མགྲིན་གཅིག་ཏུ་ སྨྲ་བའི་བརྡ་ཆད་ཅིག་ཡིན་ལ། བདེན་གཉིས་ཞེས་པ་ནི་ཐེག་པ་དམན་པའི་ནང་དེ་ཙམ་ ཡོངས་གྲགས་མིན་ཞིང་ཐེག་ཆེན་པའི་གཞུང་ནང་ཆེས་གལ་གནད་དུ་རྩི་བའི་མིང་ཚིག་ཅིག་ ཡིན། བདེན་པ་བཞི་བཤད་པའི་ནང་ཚན་གྱི་འགོག་པའི་བདེན་པ་ནི། རྟག་མི་རྟག་གཉིས་ ལས་རྟག་པ་དང་། ཀུན་ཉོན་དང་རྣམ་བྱང་གཉིས་ལས་རྣམ་བྱང་ཡིན་ཟེར། རང་འཐོབ་བྱེད་ ཀྱི་བར་ཆད་མེད་ལམ་གྱིས་ངོ་སྐལ་གྱི་སྤང་བྱ་སྤངས་པའི་བྲལ་བ་ཞིག་ལ་འགོག་བདེན་ ཟེར་ཞིང་། སྤང་བྱ་ལ་ཕྲ་རགས་ཡོད་པའི་དབང་གིས། བྲལ་བ་དེ་ལའང་། འགོག་བདེན་ ཙམ། ཐར་པ་དང་མྱང་འདས། གློ་བུར་རྣམ་དག་གི་ངོ་བོ་ཉིད་སྐུ་དང་སྤངས་པ་ཕུན་ཚོགས་ སོགས་ཀྱི་ཁྱད་པར་འབྱེད་བྱེད་ཀྱི་ཐ་སྙད་བྱེད། ༼འོན་ཀྱང་ལེགས་བཤད་གསེར་ འཕྲེང་སོགས་ཀྱི་གཞུང་ཁ་ཤས་ཀྱི་ནང་འགོག་བདེན་ཀུན་ལ་མྱང་འདས་ཀྱི་ཐ་སྙད་བྱས་ ཡོད་ལ། དེ་ནི་ཐ་སྙད་བཀོལ་སྤྱོད་བྱེད་ཕྱོགས་ཀྱི་ཁྱད་པར་ཙམ་ཡིན་སྙམ་ལ། ཞིབ་ ཏུ་དཔྱད་ན་དེིའི་སྐད་དོད་ཀྱི་ལེགས་སྦྱར་གྱི་མིང་ཚིག་ཅི་ཞིག་ཡིན་མིན་ལ་ལྟོས་ ནས་བརྟག་དགོས་པར་སྣང་།༽
སྟོང་ པ་ཉིད་ནི་ཆེས་གྲགས་ཆེ་བའི་ཚིག་ཅིག་ཡིན་ལ། གྲུབ་མཐའ་སྨྲ་བ་རང་རང་གི་བསམ་ བློའི་སྨིན་ཚད་ལ་གཞིགས་ནས་འགྲེལ་ཞིང་།  རང་རང་གི་བསམ་བློའི་འཁྱེར་སོ་དང་ མཐུན་དང་མི་མཐུན་གྱི་ཁྱད་པར་ལས་བདེན་དང་རྫུན་གྱི་རྣམ་གཞག་བྱེད་དགོས་པས་ གྲུབ་མཐའ་དེ་དང་དེས་བཤད་པའི་སྟོང་ཉིད་ཀྱི་རྣམ་གཞག་དེ་འཐད་དང་མི་འཐད་ཀྱི་ རྣམ་དབྱེ་བྱེད་དུ་མེད་པ་ནི། རང་གི་བསམ་བློ་ལ་འཐད་པ་དེ་འཐད་པ་རང་ཡིན་པ་ལས་ ཀུན་གྱི་ངོར་འཐད་པའི་ཆོས་ཤིག་གང་དུ་དང་ཇི་ཙམ་ཇི་ལྟར་བཙལ་ཡང་རྙེད་དུ་མེད་པས་ སོ།
དེས་ ན། སྟོང་ཉིད་ཅེས་པ་ནི། རང་རང་གིས་བསམ་བློས་སྒྲོ་བཏགས་པའི་ཀུན་བཏགས་དེས་ སྟོང་བའི་ཆོས་ཤིག་ལ་ཟེར་ཞིང་། དེ་ལ་གནས་ལུགས་མཐར་ཐུག་དང་གཤིས་ལུགས་མཐར་ ཐུག དེ་བཞིན་དེ་ཁོ་ན་ཉིད། དེ་བཞིན་ཉིད། ཅེས་སོགས་ཀྱི་ཐ་སྙད་བྱེད། ༼འོན་ཀྱང་གསེར་ཕྲེང་སོགས་ལས་ དེ་བཞིན་ཉིད་དང་སྟོང་ཉིད་དོན་མི་གཅིག་པར་བཤད་ཅེས་ཟེར་ཡང་དེ་གཉིས་ཀྱི་སྐད་ དོད་ཀྱི་མིང་ཚིག་གཉིས་ཀྱི་གོ་དོན་གཅིག་མིན་ལ་ལྟོས་ནས་བརྟག་དགོས་པ་ལས་བོད་ ཡིག་གི་མིང་ཚིག་ནང་ཕར་འཐེན་ཚུར་འཐེན་གང་ཞིག་བྱས་ཀྱང་དོན་ལ་མི་འབབ་ཅིང་སྙིང་ པོའང་གང་ཡང་མེད་སྙམ།༽
སྟོང་ ཉིད་ཅེས་པ་ནི་སྟོང་པ་རང་ཡིན་པས་དེའི་སྐད་དོད་དུ་ལེགས་སྦྱར་དུ། Sunyata ཤུན་ ཡཏ་ཞེས་གསལ་ཞིང་། དེ་ཡང་ཤུན་ཞེས་པ་ནི་ཤུན་ནི་ཞེས་པའི་ཚིག་བསྡུས་ཡིན་ ཞིང་། དོན་ནི་ཀླད་ཀོ་ལ་གོ་ཞིང་། ཀླད་ཀོ་ནི་གྲངས་ཀུན་གྱིས་སྟོང་ཞིང་། དེ་ ཉིད་མེད་ན་གྲངས་གཅིག་ཀྱང་མེད་པ་ལྟར། རྟག་མི་རྟག་གི་ཆོས་ཀུན་སྟོང་པ་ཡིན་ ཡང་། སྟོང་པ་དེ་ཉིད་མེད་ན་ཆོས་རྣམས་ཡོད་པར་འཇོག་མི་ཐུབ་པས་འདྲ་མཚུངས་ཀྱི་ སྒོ་ནས་ Sunyata ཞེས་བཏགས་པ་ནི་མཁས་པ་མང་པོའི་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་ པ་ཡིན། ཆོས་ཉིད་ཀྱི་སྐད་དོད་དུ་ནི། རྡརྨ་ཏ་Dharmata ཞེས་པ་དེ་ཡིན་ཞིང་། དེ་ ཡང་། Dharma ཞེས་པ་ནི་ཆོས་ལ་གོ་ཞིང་། ta ཞེས་པ་ནི་ཉིད་ཅེས་པའི་དོན་དུ་གོ་ བས་ཆོས་ཉིད་ཅེས་ཐད་བསྒྱུར་བྱས་པ་ཞིག་ཡིན་འདུག
དེ་ ཁོ་ན་ཉིད་ཅེས་པའི་སྐད་དོད་དུ་ལེགས་སྦྱར་ནང་ཏ་ཏྭ་ཞེས་པའི་གོ་དོན་ཅི་ཡིན་མི་ ཤེས་ཀྱང་། ཨིན་སྐད་དུ་Thatness ཞེས་བསྒྱུར་འདུག་ཅིང་། That ཞེས་པ་ནི་འདི་ དང་དེ་གཉིས་ལས་དེ་དང་། ness ཞེས་པ་ནི་ཉིད་དང་ངོ་བོ་སོགས་ལ་གོ་བས་ Thatness ཞེས་ཆེས་ཐད་བསྒྱུར་བྱས་འདུག་ཅིང་། དེ་བཞིན། དེ་བཞིན་ཉིད་ཅེས་པའི་ སྐད་དོད་དུ་ལེགས་སྦྱར་གྱི་མིང་ཚིག་མ་རྙེད་ཀྱང་། ཨིན་སྐད་དུ་ནི་སྔོན་དང་འདྲ་ བར།  Suchness ཞེས་བསྒྱུར་འདུག་ཅིང་། དེ་ཡང་Such ཞེས་པ་དེ་བཞིན་ལ་གོ་ ཞིང་། Ness ཞེས་པ་ནི་ཉིད་ལ་གོ་བས་ Suchness ཞེས་ཐད་བསྒྱུར་བྱས་པ་ཡིན་འདུག
སྟོང་ ཉིད་དང་དེ་བཞིན་ཉིད་གཉིས་དོན་གཅིག་མི་གཅིག་སོགས་ཀྱི་རྣམ་དབྱེ་ལེགས་པར་ཤེས་ དགོས་ན་དེའི་སྐད་མིང་ཚིག་དེ་གང་ལས་བྱུང་བའི་སྐད་ཡིག་དེའི་ནང་གང་ཞིག་བསྟན་ ཡོད་མེད་ལ་ཞིབ་འཇུག་བྱེད་དགོས་པ་ལས། བོད་ཀྱི་མིང་ཚིག་ཁོ་ན་ལ་ལྟོས་ནས་བཤད་ན་ གང་དང་གང་གི་སྒྲ་བཤད་དུ་ཡོད་པའི་ཆོས་ཀུན་དེ་དང་དེ་རུ་འགྲེལ་ནས་ཐ་སྙད་གཏིང་ ཚུགས་པ་ཞིག་མེད་པར་འགྱུར་ངེས་ཏེ། དཔེར་ན། བུམ་པ་བདེན་སྟོང་ཡང་དགག་བྱ་བདེན་ པར་གྲུབ་པ་བཀག་པའི་བདེན་པ་ཡིན་པས་འགོག་བདེན་ཞེས་འགྲེལ་འགྲོ་བ་སོགས་ཀྱི་ནོར་ བ་མང་དུ་འབྱུང་བས་མིང་ཚིག་དེའི་གོ་དོན་ཅི་ཞིག་ཡིན་མིན་ཞིབ་ཏུ་དཔྱད་ན་དེ་དང་ དེའི་འབྱུང་ཁུངས་ཀྱི་སྐད་ཡིག་དེའི་ནང་གི་གོ་དོན་མི་ཤེས་ན་བཤད་དཀའ་བ་ཞིག་ སྣང་ངོ་།།

Great Beri & Little Beri

ཆབ་ སྲིད་ཀྱིས་གདན་སར་བཙན་འཛུལ་བྱས་པ།

ཆབ་སྲིད་ཀྱིས་གདན་སར་བཙན་འཛུལ་བྱས་པ།

ཆོས་དང་ ཆབ་སྲིད་ནི།ཡུལ་དུས་ངོ་བོ་གང་ནས་བལྟས་ཀྱང་འགལ་བ་ཉག་ཅིག་ཡིན་ལ། ཆོས་ནི་ཞི་བ་སྒྲུབ་བྱེད་དང་། སྲིད་ནི་སྲིད་པ་སྒྲུབ་བྱེད་ཡིན་པས་དེ་གཉིས་ལ་མཐུན་ཆོས་ཅུང་ཙམ་ཡང་ མེད་པ་ནི་མངོན་སུམ་གྱིས་གྲུབ་མོད། འོན་ཀྱང་། འཕགས་བོད་ཀྱི་ལོ་རྒྱུས་མི་ཉུང་བ་ཞིག་གི་ནང་།ཆོས་པས་སྲིད་བསྐྱངས་པ་མང་དུ་ བྱུང་ཡོད་ཅིང་། བོད་སིལ་བུའི་སྐབས་ལྷ་བླ་མ་ཡེ་ ཤེས་འོད་དང་། ས་སྐྱའི་སྐབས་འགྲོ་མགོན་འཕགས་པས་ སྲིད་བསྐྱངས་པ་དང་། ལྷག་པར་༧རྒྱལ་དབང་བདུན་པའི་དུས་ སུ་བཀའ་ཤག་གསར་འཛུགས་མཛད་པའི་སྐབས་བཀའ་བློན་བླ་མ་ཞེས་པའི་བཀའ་བློན་གྲྭ་པ་ ཞིག་བསྐོས་པ་ནས་བཟུང་སྟེ། བོད་དུའང་གྲྭ་པ་བླ་མས་སྲིད་ཀྱི་ དབང་ཆ་འཛིན་པའི་སྲོལ་ངན་དེ་དར་ནས་ད་བར་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་ཡོངས་ རྫོགས་གྲྭ་པ་བླ་རྒན་ཚོས་ཁ་ལོ་བསྒྱུར་ཡོད་ལ། ཀུན་བདེ་གླིང་ཕུད་པའི་སྲིད་ཚབ་དང་སྐྱིད་སྐྱོང་གི་བླ་མ་གཞན་ཀུན་ གྱིས་ཁྲག་དྲི་དྲོ་བའི་ཕྱག་ལས་གང་གནང་ཡོད་པ་ནི་ འདས་པའི་ལོ་རྒྱུས་རྙིང་པ་འཚོལ་མི་དགོས་པར་ཉེ་བའི་ལོ་རྒྱུས་ལ་གཟིགས་ན་ཤེས་ ཐུབ་པ་ཞིག་རེད།


བཙན་བྱོལ་གྱི་ནང་དུའང་། དགོས་ དབང་གིས་གྲྭ་པ་བླ་མ་མང་པོ་ཞིག་གིས་ཆབ་སྲིད་ཀྱི་རྐུབ་བཏེགས་བཟུང་དགོས་བྱུང་ ཡོད་ལ། རྐུབ་བཏེགས་དེའི་སྟེང་ནས་མཛད་ རྗེས་ཀྱང་མང་དུ་བཞག་གནང་མཛད་ཡོད། འོན་ ཀྱང་། བཙན་བྱོལ་གྱི་མི་འབོར་ཆིག་འབུམ་ ལྷག་ཡོད་པའི་ནང་ནས། འཕོན་ཆེན་པོ་གཅིག་ནི་ལྷོ་ཕྱོགས་ ཀྱི་གདན་ས་ཁག་ཏུ་ཡོད་ཅིང་། སྤྱི་འཐུས་ཀྱི་འོས་ཐོབ་ འདོད་མཁན་ཚོས་གདན་ས་ཁག་ལ་གཙོ་བོར་དམིགས་འབེན་བཟུང་ནས་འབྲེལ་གཏུགས་བྱེད་པས། གདན་ སའི་གྲྭ་བཙུན་ཚོའི་རྒྱབ་སྐྱོར་ཞིག་ཐོབ་ན་སྤྱི་འཐུས་ཐོབ་ངེས་པ་ཡིན་པས། གདན་ ས་ལ་འོས་ཤོག་གི་བང་མཛོད་VoteBankཞེས་ བརྗོད་པ་དེ་དངོས་ཡོད་དུ་གྱུར་ཡོད།
བཀའ་སྤྱིའི་འོས་བླུག་ལ་ཉེ་བའི་སྐབས་ཆབ་སྲིད་ཀྱི་ འཁྲབ་སྟོན་པ་མང་པོ་གདན་སར་གཅིག་རྗེས་གཉིས་མཐུད་ཀྱིས་ལུད་འོངས་ལ། འོས་ མིའི་སྦྱར་ཡིག་སྟོང་ཕྲག་མང་པོ་དཔར་ཏེ་གདན་སའི་སྲང་ལམ་དང་གྱང་ངོས་སུ་སྦྱར་ མགོ་འཛུགས་ཤིང་། གྲྭ་བཙུན་ཚོ་ལ་རོགས་རམ་སོགས་གང་ དགོས་གནང་ཁུལ་གྱིས་གྲྭ་བཙུན་ཚོའི་བློ་འགུག་ཐབས་གང་ཡང་བྱེད།
གདན་སའི་ཇ་ཁང་དང་། སྲང་ ལམ་ཁག་གི་ནང་དུའང་། ཆབ་སྲིད་ཀྱི་གནད་དོན་གླེང་མཁན་ ཤ་སྟག་ཡིན་ལ། གྲྭ་བཙུན་གཉིས་གསུམ་ཞིག་འཛོམས་ ན་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྐོར་རྐྱང་ཡིན། དེ་ སྔོན་གདན་སའི་གྲྭ་པ་ཁ་ཤས་ཤིག་འཛོམས་ན་དཔེ་ཆའི་དཀའ་གནད་དང་། དེ་ མིན་གྱི་སློབ་སྦྱོང་གི་སྐོར་བཀའ་མོལ་གནང་པ་ལས་ཆབ་སྲིད་ཀྱི་སྐོར་འཆད་མཁན་ ཤིན་ཏུ་དཀོན་ཞིང་། དེ་འདྲ་འཆད་མཁན་འགའ་ཤས་ཡོད་པ་ དེ་ཚོ་ལ། ཆབ་སྲིད་པ་ཞེས་ཟུར་ཟ་བྱས་པ་ང་ ཆུང་ཆུང་ཡིན་པའི་སྐབས་མཐོང་མྱོང་། དེང་ གི་ཆར་ཀུན་གྱིས་ཆབ་སྲིད་ཀྱི་སྐོར་བསམ་གཞིགས་དང་བཀའ་མོལ་མང་དུ་གནང་ཞིང་། གྱང་ ངོས་སུ་སྦྱར་ཡོད་པའི་རང་ཉིད་ཀྱི་མཐུན་ཕྱོགས་མིན་པའི་འོས་མིའི་དཔར་སོགས་ལ་ ནོར་རྟགས་རྒྱབ་པ་དང་བཀོག་པ་སོགས་མདོར་ན། ལྷིང་ འཇགས་ལྡན་པའི་ཆོས་ཀྱི་ཞིང་གདན་ས་འདི་ཉིད་ཆབ་སྲིད་ཀྱི་ཡོ་ལང་འཕྱུར་སའི་རྡ་ རམ་ཤ་ལའི་གྲོང་པ་བཞིན་དུ་གྱུར་པ་ནི་དོན་དམ་པའི་བློ་འཚབ་སྐྱེས་དགོས་པ་ཞིག་ རེད་སྙམ།
དེ་སྔོན་བོད་དུ་གདན་ས་ཁག་གི་ནང་དུ་ཆབ་སྲིད་པ་ཡོད་ ཀྱང། ཁ་ཤས་ལས་མེད་ཅིང་། དེང་ གི་ཆར་གདན་ས་འདི་ཆབ་སྲིད་ཀྱི་དམག་འཁྲུག་རྒྱག་ས་ཞིག་ཏུ་འགྱུར་བཞིན་པ་ཡིན་པས། ངས་ ཆབ་སྲིད་ཀྱིས་གདན་ས་བཙན་འཛུལ་བྱེད་པ་ཞེས་བརྗོད་པ་ཡིན་ལ། བཙན་ འཛུལ་དེ་འགོག་ཐབས་གང་ཡོད་ཀུན་གྱིས་བསམ་གཞིགས་གནང་དགོས་པ་ཞིག་རེད་སྙམ།

བག་ལེབ་སྐམ་པོ་དང་གྲྭ་རྐྱང་གི་འཚོ་བ།

 


སློབ་གྲྭར་འགྲིམས་བཞིན་པའི་སློབ་མ་ དཀྱུས་མ་ཞིག་ལ་མཚོན་ན། རྒྱུན་སྤྱོད་ཀྱི་དངུལ་Pocket money དཀོན་པོ་ཡོད་པ་མ་ཟད། དེ་ཡང་དུས་གཅིག་ཏུ་སློབ་གྲོགས་ཡོངས་རྫོགས་དངུལ་མེད་པར་གྱུར་ནས་ལུས་ཀྱི་ཡོད་ པ་ནི་ཁོ་བོ་སློབ་གྲྭར་འགྲིམས་སྐབས་གསལ་པོར་ཤེས་ཀྱི་ཡོད།


དེ་མཚུངས་གདན་ས་ཁག་གི་ནང་དུ་ཡང་། སློབ་གཉེར་བ་མང་ཆེ་བ་ནི་འཚོ་བ་སྐྱོ་བོ་ཤ་སྟག་ཡིན་ལ། འཚོ་བ་བསྟེན་ས་ནི་དགོན་པ་གཅིག་པུ་ཡིན། དེ་ཡང་། དགོན་པའི་ལྟོ་ཚང་ནས་བཞེས་ལག་གནང་ཞིང་། མཚམས་རེར་ཉིན་ཚོགས་འདྲ་འཚོག་དུས་སྐུ་འགྱེད་ཆེ་ཆུང་འདྲ་མིན་ཡོད་པས། དེས་སོ་སོའི་དགོས་མཁོའི་རིགས་སོ་སྨན་དང་། འདག་རྩི་སོགས་ཉོ་དགོས་ཀྱི་ཡོད།
ཉིན་ཤས་རིང་ཚོགས་མེད་ཚེ་སོ་སྨན་ཉོ་བྱེད་ ཀྱང་མེད་པར་ལུས་ཀྱི་ཡོད་ལ། ང་ཡང་སོ་སྨན་ཉོ་བྱེད་མེད་པར་ཉིན་མང་པོར་ལུས་མྱོང་ཡོད། ཉིན་དེ་དག་གི་རིང་གདོང་ལ་ཆུ་རྒྱབ་ཙམ་བྱེད་ནས་ཆོས་ར་དང་འཛིན་གྲྭར་འགྲོ་རྒྱུ་ ལས་མེད། འདི་ནི་གདན་སའི་གྲྭ་རྐྱང་བྱིངས་ཀྱི་གནས་སྟངས་ཤིག་ཡིན་པ་ལས་ཁོ་བོ་གཅིག་པུའི་ དཀའ་ངལ་ཞིག་མིན།
དེ་སང་ནི། ཚོགས་ཤིན་ཏུ་ཉུང་བའི་སྐབས་ཤིག་ཡིན་པ་མ་ཟད། ཚོགས་སུ་འགྱེད་ཀྱང་ཆེན་པོ་མེད་པའི་སྐབས་ཤིག་ཡིན། དེས་ན་དེང་སྐབས་ནི་ངའི་གདན་སའི་གྲྭ་རྐྱང་མང་ཆེ་བ་དངུལ་མེད་མཁན་ཤ་སྟག་ཡིན་ལ། ཨམ་ཕྲག་ནང་དུ་སྒོར་ལྔ་བཅུ་ཙམ་ཞིག་ཡོད་ན་དེ་ཏོག་ཙམ་ཕྱུག་པའི་གྲས་ཡིན། དེས་ན། གུང་སེང་སྐབས་ཕྱི་རུ་འཆམ་འཆམ་དུ་འགྲོ་མཁན་ཡང་ཉུང་ཉུང་རེད་འདུག་པ་མ་ཟད། ཟ་ཁང་དང་ཚོང་ཁང་གི་ནང་དུ་ཡང་འགྲོ་མཁན་ཧ་ཅང་ཉུང་ཉུང་རེད་འདུག
ཉིན་ གཅིག་ཚོགས་སུ་སྐུ་འགྱེད་སྒོར་ཉི་ཤུ་ཞིག་ཕུལ་བ་ཡིན་ན། དེའི་དགོང་མོར་ཚོང་ཁང་དང་ཟ་ཁང་ཀུན་གྱི་དངུལ་སྒམ་ནང་དུ་སྒོར་ཉི་ཤུ་ཅན་གྱིས་ གང་འགྲོ་བ་ཡིན། དེས་གྲྭ་རྐྱང་རྣམས་ཉིན་རེའི་འཚོ་བ་ཡོངས་རྫོགས་སྐུ་འགྱེད་ལ་བརྟེན་གྱི་ཡོད་པ་ གསལ་བཤད་བྱེད་ཐུབ་ཀྱི་ཡོད།
དེ་རིང་གུང་སེང་ཡིན་པས་ཉིན་དགུང་བར་ གཉིད་ཤོར་འདུག་ལ། གཉིད་སད་པ་ན། དགུང་ཚོགས་ཀྱི་མང་ཇ་བཏང་ཚར་འདུག་པས་རྗེས་ལུས་ཐབས་འདུག    མལ་ལས་ལྡང་ནས་སོ་བཀྲུ་དགོས་དྲན་ཡང་། སོ་སྨན་རྫོགས་ཚར་འདུག་པས། ཁ་ཆུ་བཤལ་ཞིག་བཏང་ནས་བཞག་དགོས་བྱུང་། ཞོགས་ཇ་མ་རག་པའི་དབང་གིས་གྲོད་ཁོག་ལྟོགས་ཀྱང་ཤག་ནང་དུ་བཟའ་རྒྱུ་གང་ཡང་མི་ འདུག་ལ།  ཨམ་ཕྲག་ནང་དུ་སྒོར་མོ་གཅིག་གཉིས་ལས་མི་འདུག་པས་ཟ་ཁང་ནང་དུ་ཡང་འགྲོ་ཐབས་མི་ འདུག
ཧ་ཡང་ནང་བལྟས་པས་བག་ལེབ་ཅིག་འདུག་པས་ལག་ ཏུ་བླངས་ནས་བལྟས་པ་ན། ཅུང་མཁྲེགས་པོ་རེད་འདུག་པས་ཁ་རྩང་གི་བག་ལེབ་ཡིན་ཚོད་འདུག ཡིན་ཡང་། གྲོད་ཁོག་སྟོང་པར་ལྷག་པ་ལས་གཅིག་ཟ་ན་ལེགས་སྙམ་ནས་ཆུ་ལ་སྦང་ནས་བཟས་པ་ཡིན། གྲོད་ཁོག་ལྟོགས་པའི་སྐབས་བག་ལེབ་སྐམ་པོ་ཞིག་ཡིན་ན་ཡང་ཞིམ་པོ་འདུག་པས། སྔོན་ཞིག་ཏུ། ༧རྒྱལ་བ་རིན་པོ་ཆེས། ཁ་ལག་ནང་ནས་ཞིམ་ཤོས་དེ་གྲོད་ཁོག་ལྟོགས་སྐབས་ཟ་བའི་ཁ་ལག་དེ་རེད། ཅེས་གསུངས་པ་དེ་ཤིན་ཏུ་བདེན་འདུག་སྙམ་པ་བྱུང་།
གང་ལྟར། གྲྭ་རྐྱང་གི་འཚོ་བ་འདི་མཚམས་རེར་ཤིན་ཏུ་སྐྱིད་པ་ཡོད་པ་དང་། མཚམས་རེར་སྡུག་དགོས་པ་དེ་འདྲ་ཡང་འདུག འདི་གཅིག་བྱས་ན། འཇིག་རྟེན་འཁོར་བའི་ཆོས་ཉིད་ཅིག་ཡིན་སྲིད། མདོར་བསྡུས་ན། གདན་སའི་གྲྭ་རྐྱང་གི་འཚོ་བ་འདི་ལ་འགྲེལ་བཤད་གང་འདྲ་བྱེད་ཀྱང་ཆོག་པ་ཞིག་རེད།

མཇུག་ མེད་ཁྱི་རྒན་རྒྱལ་པོར་གྱུར་པའི་འོག

མཇུག་ མེད་ཁྱི་རྒན་རྒྱལ་པོར་གྱུར་པའི་འོག །སེང་ཕྲུག་སྤུས་མོ་བཙུགས་པ་ཡིད་རེ་སྐྱོ།།

ཉིན་ བྱེད་གཞོན་ནུ་ནུབ་རི་རྒྱབ་ཏུ་བཞུད།།
ལྷགས་ རླུང་དྲག་པོས་ལོ་འདབ་ལྷོ་རུ་སྤུར།།
མུན་ པའི་སྲུབ་ནས་འབྱུང་པོའི་བྱ་ཚོགས་ཀྱིས།།
སྲིན་ པོའི་ཐན་སྐད་སྒྲོག་པས་རྣ་བར་གཟན།། 

གོ་ ལའི་དྲོད་ཀྱིས་གངས་རི་བཞུ་བའི་ཁྲོད།།
གངས་ སེང་དཀར་མོའི་རྒྱང་དུ་ཕེབས་པའི་ཤུལ།།
ཁྱི་ རྒན་རྒྱལ་པོར་གྱུར་པའི་གཤམ་འོག་ན།།
སེང་ ཕྲུག་སྤོས་མོ་བཙུགས་པ་ཡ་རེ་ང་།།

མཇུག་ མ་མེད་པའི་ཁྱི་རྒན་ལག་སྦྲེལ་གྱིས།།
འགྲན་ དང་ཕྲག་དོག་ངུ་རྒྱངས་དྲག་པོ་ཡིས།།
སེང་ ཕྲུག་བརྙས་ཤིང་སྤྱོས་པའི་ཚུལ་བསམ་ན།།
གངས་ སེང་སླར་ཡང་མ་དྲན་རང་དབང་ཅི།།

སེང་ ཕྲུག་ཅིག་གིས་མཇུག་མེད་ཁྱི་རྒན་འགར།།
སྐྱག་ པ་རྡོ་འབེན་བྱེད་འདོད་མི་འདུག་པས།།
སྙིང་ སྟོབས་སྤོབས་པ་སེམས་སུ་འབར་བྱས་ནས།།
སྙིང་ རྗེའི་སེམས་ཀྱིས་བཏང་སྙོམས་བཞག་ན་བསམ།།

ངའི་ ཉེ་འཁོར་གྱི་མི་འགའ་ཤས་ཀྱི་བྱེད་བབ་ལ་བརྟེན་ནས་རང་ཤག་ནས་ཐོལ་བྱུང་དུ་བྲིས།

སྐུལ་ ཚིག་འདི་ལྟར་འབྲི་དགོས།

སྐུལ་ ཚིག་འདི་ལྟར་འབྲི་དགོས།
སྐུལ་ ཚིག་ལ་འདས་མ་འོངས་ད་ལྟ་གསུམ་ལས་གཞན་པའི་བྱ་ཚིག་ཅིག་སྤྱོད་སྲོལ་ཡོད་པ་ནི། བོད་ཡིག་གི་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ཞེས་བརྗོད་ཆོག་ལ། དེ་མིན། དབྱིན་ཡིག་སོགས་ཀྱི་ནང་དུ། རྩ་བའི་བྱ་ཚིག་Root verb དེ་རང་ལ་སྐུལ་ཚིག་གསལ་བྱེད་ཀྱི་ཚིག་གྲོགས་སྦྱར་བའམ་ཡང་ན་ཚིག་གྲོགས་ཀྱི་ནུས་ པ་ལ་བརྟེན་ནས་སྐུལ་ཚིག་ཏུ་གྱུར་པ། དཔེར་ན། write it, do write it. ཞེས་སུ་གྱུར་པ་ལས། བོད་ཡིག་བཞིན་དུ་སྒྲུབས་དང་བྱོས་ཞེས་སོགས་ཀྱི་སྐུལ་ཚིག་མེད་པར་ཤེས་དགོས།
འོ་ ན། བོད་ཡིག་གི་སྐུལ་ཚིག་འབྲི་ཚུལ་ཇི་ལྟར་ཡིན་ཞེ་ན། བྱ་བ་གང་ཞིག་བྱེད་པར་སྐུལ་བའི་སྐབས། བྱོས་ཤིག་ཅེས་སོགས་སྦྱོར་ཚུལ་ནི་ཀུན་གྱིས་མཁྱེན་ངེས་ཡིན་པས་བཤད་མི་དགོས་པར་ སྣང་། དྭོགས་གནས་ཡོང་ས་ནི། དགག་སྒྲའི་སྐུལ་ཚིག་ཇི་ལྟར་འབྲི་དགོས་མིན་དང་། སྐུལ་ཚིག་གསལ་བྱེད་ཀྱི་ཚིག་གྲོགས་དངོས་སུ་མེད་པར། དཔེར་ན། བྱེད་རོགས་ཞེས་འབྲི་དགོས་པ་རེད་དམ། ཡང་ན། བྱོས་རོགས་ཞེས་འབྲི་དགོས་མིན་སོགས་ཡིན།
དེ་ ཡང་། དགག་སྒྲའི་སྐུལ་ཚིག་ལ་ནི། སྐུལ་ཚིག་གི་བྱ་ཚིག་དངོས་མི་སྤྱོད་པར། ད་ལྟ་བའི་བྱ་ཚིག་སྤྱོད་དགོས་པ་རེད། དཔེར་ན། ཡི་གེ་མ་འབྲི་ཞིག་ཅེས་པ་ལས། མ་ཕྲིས་ཤིག་ཅེས་ནམ་ཡང་སྤྱོད་སྲོལ་མེད། དེ་བཞིན་གཞུང་ཆེན་ཁག་གི་ནང་དུ། ལུགས་ངན་དེ་མ་འཛིན་ཅིག་ཅེས་པ་ལས། མ་ཟུངས་ཤིག་ཅེས་ནམ་ཡང་འབྲི་སྲོལ་དང་བཤད་སྲོལ་གཉིས་ཀའི་ནང་དུ་མེད་པས། དགག་སྒྲའི་སྐུལ་ཚིག་ལ་ད་ལྟ་བ་འབྲི་དགོས་པ་ལས། སྐུལ་ཚིག་དངོས་ཀྱི་ཚིག་འབྲི་མི་ཉན།
འགའ་ ཤས་ཀྱིས། གཏང་རགས་དུས་སུ་མ་ཐོངས་འཐོལ་ལོ་བཤགས། ཞེས་གསུངས་པའི་མ་ཐོངས་ཞེས་པ་དེ་སྐུལ་ཚིག་ཡིན་སྙམ་པ་ནི། ནོར་བའི་སྒྲུབ་བྱེད་དུ་ནོར་བ་བཀོད་པ་ཡིན་ཏེ། འདིའི་ནང་མ་ཐོངས་ཞེས་པ་ནི། སྐུལ་ཚིག་གཏན་ནས་མིན་པར། གཏོང་བའི་བྱེད་མེད་ལས་ཚིག་ཡིན་པ་ནི། གོང་འོག་གི་ཚིག་གི་འགྲོས་ལ་བརྟེན་ནས་ཤེས་ཐུབ། འགའ་ཤས་ཀྱིས་བེད་སྤྱོད་མ་གཏོང་། ཞེས་པའི་ཚབ་ཏུ་བེད་སྤྱོད་མ་ཐོངས་ཞེས་འབྲི་བ་ནི། རིགས་འགྲེས་ཕུངས་པར་ཤེས་དགོས།
ཡང་། སྐུལ་ཚིག་འདི་སྐུལ་བ་ཐམས་ཅད་ལ་མི་འཇུག་སྟེ། དཔེར་ན། ལས་ཀ་འདི་བྱེད་རོགས་ཞེས་བརྗོད་དུས། སྐུལ་བ་ཡིན་ཡང་། བྱེད་རོགས་ཞེས་འབྲི་བ་ལས། བྱོས་རོགས་ཞེས་གཏན་ནས་མི་འབྲི་ཞིང་མི་འཆད་པས། བྱོས་རོགས་ཞེས་བརྗོད་ན། ནོར་བ་ཉག་ཅིག་ཡིན།
དེས་ ན། གུས་པས་ཉམས་ཞིབ་བྱས་པར་གཞིགས་ན། ཤིག་ཞིག་ཅིག་སོགས་ཀྱི་སྐུལ་ཚིག་གསལ་བྱེད་ཡོད་ན། སྐུལ་ཚིག་དངོས་སྤྱོད་པ་ཡིན་པ་ནི། དཔེར་ན། བྱོས་ཤིག ཆོད་ཅིག ཅེས་འབྲི་བ་ཡིན། དེ་མིན། ཤིང་འདི་གཅོད་རོགས་ཞེས་པ་ལས། ཆོད་རོགས། ཞེས་མི་ཟེར་བ་ཡང་ཤེས་དགོས་པ་ཡིན།
དེ་རིང་གུས་པ་ལོ་འཁོར་ཡིག་རྒྱུགས་ཚང་མ་ཚར་ཟིན་པས། དུས་ཚོད་སྟོང་པ་ཏོག་ཙམ་ཡོད་པ་དང་། ཕྱིར་བསྐྱོད་ཀྱི་དུས་ཚོད་ཀྱང་མ་ཟིན་སྟབས། འདི་ག་དྲ་ཐོག་ཏུ་ཡོང་བ་ཡིན། དྲ་གྲོགས་རྣམ་པས་འབད་འབུངས་ཆེན་པོས། བོད་ཀྱི་ཤེས་རིག་གི་བྲོ་བ་མྱོང་རོགས།
༢༠༡༠། ༠༩།༠༦མཚན་མོ་ཆུ་ཚོད་༡༢།༣༠ཐོག་སྤེལ་བའོ།།

དཔལ་ས་སྐྱ་གོང་མ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།



སྙིགས་ དུས་ཀྱི་བསྟན་པའི་སྲོག་ཤིང་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་སྒྲོལ་མ་ཕོ་བྲང་པ་ངག་ དབང་ཐེག་ཆེན་འཕྲིན་ལས་དཔལ་འབར་བསམ་འཕེལ་དབང་གི་རྒྱལ་པོའི་སྐུའི་འཁྲུངས་སྐར་ ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

ས་ སྟེང་གོ་ལ་ཟླུམ་པོའི་ཁྱོན་འདིར་ས་སྐྱ་སྒྲོལ་མ་ཕོ་བྲང་ཞེས།།
ས་ གསུམ་གཡོ་བའི་མཚན་གྱི་སྙན་པས་ས་ཐོབ་སེམས་དཔའི་ཚོགས་ཀྱིས་ཀྱང་།།
ས་ སྐྱོང་ལ་ནི་མངའ་འབངས་བཞིན་དུ་ས་རྡུལ་སྤྱི་བོའི་རྒྱན་བླངས་པས།།
ས་ སྐྱ་གོང་མ་མཚུངས་མེད་གང་གིས་ས་གསུམ་སེམས་ཅན་འདྲེན་གྱུར་ཅིག།


ཁ་ བའི་འདབ་མ་ལྷུང་ལྷུང་འཕུར་བའི་ཁ་བ་རི་བའི་གངས་འདབས་ན།།
ཁ་ བའི་ལས་དབང་རླུང་གིས་འཁྱེར་ནས་ཁ་ཤུགས་ཆེ་བའི་སོག་དམག་གིས།།
ཁ་ བའི་ལོ་རྒྱུས་རྡོག་པས་རྫིས་ནས་ཁ་བའི་མཚོན་མདོག་བསྒྱུར་བའི་སྐབས།།
ཁ་ བའི་རྣམ་ཤེས་བསྐྱར་དུ་འགུག་པའི་ཁ་བའི་བཀའ་དྲིན་བརྗེད་མི་སྲིད།།

ཡབ་ རྗེ་འཁོན་རིགས་དཀོན་མཆོག་རྒྱལ་པོའི་ཐུགས་བསྐྱེད་བཟང་པོའི་འཕྲུལ་ལམ་ནས།།
ཁ་ བ་ཅན་ན་ས་སྐྱ་པ་ཞེས་མཁས་པའི་ཁྱུ་མཆོག་འབྱུང་བའི་གཞི།།
ས་ སྐྱ་པ་ནི་ཆོས་ལ་མཁས་ཞེས་ཆེན་པོ་ཧོར་གྱི་རྒྱལ་པོ་ཡིས།།
མཆོད་ བསྟོད་ཚངས་པའི་བསྟོད་དབྱངས་ཤིག་གིས་གོ་ལའི་འཇིག་རྟེན་སྒུལ་བར་བརྩམས།།

གངས་ ཅན་ཞིང་ན་ས་པཎ་ཞེས་བྱ་མཁས་པ་ཀུན་གྱི་གཙུག་རྒྱན་དང་།།
འགྲོ་ བའི་མགོན་པོ་ཆོས་རྒྱལ་འཕགས་དང་པཎ་ཆེན་བསོད་ནམས་རྩེ་མོ་སོགས།།
ས་ སྐྱ་གོང་མ་རྣམ་ལྔ་ཞེས་བྱའི་རིས་མེད་མཁས་གྲུབ་ཐམས་ཅད་ཀྱིས།།
བསྟོད་ པའི་དབྱངས་ཀྱིས་ཀུན་ནས་འཁྱུད་པའི་དཔལ་ལྡན་ས་སྐྱ་རྒྱལ་གྱུར་ཅིག།

ཆགས་ གྲུམ་ཤོར་བའི་ཁ་བའི་ལས་དབང་ཤར་ཕྱོགས་རླུང་གིས་འཁྱེར་གྱུར་ཀྱང་།།
ཞུམ་ པ་མེད་པའི་ཁ་བའི་རྣམ་ཤེས་ཉམས་མེད་ཐུགས་སུ་བཟུང་མཛད་ནས།།
འཕགས་ པའི་ཡུལ་ན་༧གོང་ས་མཆོག་གི་བཀའ་དགོངས་ཟབ་མོ་ཇི་བཞིན་དུ།།
རིས་ མེད་བསྟན་པའི་རྒྱལ་མཚན་མཐོན་པོ་གོ་ལའི་ཟེ་བའི་ཁྱོན་ན་གཡོ།།

ཞག་ དང་ཟླ་བའི་བང་འགྲན་ཞིག་གིས་ལོ་ཡི་འཁོར་ལོ་ཡིད་ཀྱིས་རྫོགས།།
༧ གོང་ས་ཆེན་པོའི་དབུ་སྐྲའི་སྟེང་ན་ཁ་བའི་དཀར་པོའི་རང་མདངས་མངོན།།
གོང་ མ་མཆོག་གི་སྐུ་གཟུགས་ལ་ནི་དུས་ཀྱི་རྒྱལ་པོའི་བཙན་གནོན་ཐེབས།།
བསམ་ བཞིན་བསམ་ན་ཡི་ག་ཆུང་ངུ་སྡུག་གིས་ཡོངས་སུ་གས་ལ་ཉེ།།

རླུང་ དམར་དྲག་ཏུ་འཚུབ་པའི་ཁྲོད་ན་སྣུམ་ཟད་མར་མེ་ཇི་བཞིན་གྱི།།
འགྲོ་ བ་སེམས་ཅན་ཀུན་གྱི་སྐྱབས་གནས་སངས་རྒྱས་བསྟན་པའི་དོན་དགོངས་ཏེ།།
སྐུ་ ཚེ་མི་གཤིག་རྡོ་རྗེའི་རེ་ཁཱ་མི་འཇིགས་སེང་གེའི་ཁྲིར་བཀོད་དེ།།
སྙིགས་ མའི་དུས་ཀྱི་མགོན་མེད་འགྲོ་རྣམས་ཐུགས་རྗེའི་ལྕགས་ཀྱུས་འདྲེན་པར་མཛོད།།

ཅེས་པ་འདི་ནི། ལྷ་རིགས་འཁོན་ལས་བརྒྱུད་པའི་དཔལ་ས་སྐྱ་ གོང་མ་རིན་པོ་ཆེ་སྒྲོལ་མ་ཕོ་བྲང་པ་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་འཚམས་འདྲི་ དང་། སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་དང་བཅས། མདོ་ཁམས་བེ་རི་རྒྱལ་པོའི་ཁྲག་རུས་བརྒྱུད་པའི་ཐ་སྙད་རིག་པ་སྨྲ་བ་བེ་རི་དཔལ་ ལྡན་རྣམ་རྒྱལ་གྱིས་མགོན་པོ་གང་ལ་དད་མོས་ཟུང་དུ་འབྲེལ་བའི་སྒོ་ནས་བེ་རི་ འགྲོ་ཕན་གླིང་གི་རང་ཤག་ནས་སྟངས་སྟབས་གཅིག་གིས་བྲིས་པ་དགེ་ལེགས་འཕེལ།།