Sunday, November 7, 2010

ལྷ་སྲས་འུ་དུམ་བཙད་པོ་དང་བདུད་རྒྱལ་གླང་དར་མ།




ལྷ་སྲས་འུ་དུམ་བཙད་པོ་དང་བདུད་རྒྱལ་གླང་དར་མ།

དེ་རིང་རྒྱུན་ལྡན་བཞིན་དཔེ་མཛོད་ཁང་དུ་ཡོང་ནས་རང་འཁྲིའི་ལས་ཀ་ཚར་རྗེས་རྐུབ་བཏེགས་སྟེང་བསྡད་ནས་དཔེ་ཆ་ཀློག་མགོ་བརྩམས། ཐལ་རྡུལ་ཆག་པའི་དྲ་མིག་གསེང་ནས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཉལ་རོང་ཆོས་འབྱུང་སོགས་གནའ་དེང་གི་ལོ་རྒྱུས་གླེགས་བམ་མི་ཉུང་བ་ཞིག་བཏོན་ནས་ཤོག་ལྷེ་རེ་རེ་བཞིན་བསྒྱུར་ནས་ཡབ་མེས་དམ་པ་ཚོའི་རྣམ་ཤེས་འགུག་ཐབས་བྱས། མངར་སྐྱུར་འདྲེས་མའི་ལོ་རྒྱུས་ཀྱི་ཤུལ་ལམ་དེད་དུས་ངའི་མིག་ལམ་དུ་ཕྲ་ལྷམ་མེར་མངོན་ཡོང་བ་ནི་བོད་ཀྱི་རྒྱལ་པོ་དམ་པ་ལྷ་སྲས་འུ་དུམ་བཙན་པོའི་སྐོར་དེ་རེད།
འུ་དུམ་བཙན་པོ་ཞེས་པ་དེ་སུ་ཡིན་ཞེས་འདྲི་ན་མི་ཕལ་ཆེ་བས་མི་ཤེས་ལ་གོ་མྱོང་ཡང་མེད་ཚོད་རེད།  གླང་དར་མ་ཞེས་པ་དེ་སུ་རེད་ཅེས་འདྲི་ན་དེ་ནི་བོད་ཀྱི་བསྟན་པ་སྣུབ་མཁན་གྱི་བདུད་རྒྱལ་དེ་རེད། ཅེས་མཁས་བླུན་ཀུན་གྱིས་ཁ་གཅིག་གྲགས་རེད། དེ་ནི་ཕྱོགས་ཞེན་གྱིས་བཟི་བའི་ལོ་རྒྱུས་སྨྲ་བ་ཚོ་དང་དབང་འཛིན་པ་ཚོས་མི་མང་གི་སེམས་སུ་༼ཀླད་པ་དཀྲུ་བའི་ལམ་ལུགས༽ Brain Washing སྤྱད་ནས་གླང་དར་མ་ཞེས་པའི་མིང་གོ་བ་ཙམ་གྱིས་བདུད་རྒན་རྭ་ཅོ་ཅན་ཞིག་གི་སྣང་བརྙན་རང་བཞིན་གྱིས་འཆར་ཐབས་བཟོས་པའི་དབང་གིས་རེད་ལ། དེའི་རྐྱེན་པས་རང་གི་ཡབ་མེས་རྒྱལ་པོའི་མཚན་ཡང་མི་ཤེས་པར་བཟོས་ཡོད་པ་ནི་དེ་སྐབས་ཀྱི་ལོ་རྒྱུས་སྨྲ་བ་ཚོ་དང་དབང་འཛིན་པ་ཚོའི་བོད་ཀྱི་དེ་བྱུང་རིག་པའི་བརྒྱུད་རིམ་དང་ནག་ཉེས་ཆེ་ཤོས་ཤིག་རེད།

འུ་ཅག་བོད་པ་རྣམས་ནི་མཚམས་རེར་ཨ་གསར་གྱི་ཧེབ་ལང་རྒྱུར་ཤིན་ཏུ་དགའ་བའི་ལྗིད་ཁོག་མེད་པའི་མི་རིགས་ཤིག་ཡིན་མི་སྲིད་པ་མ་རེད། ད་དུང་རྨོངས་ཞེན་ཙམ་ལས་རིགས་ཞེན་གཏན་ནས་མེད་པའི་མི་རིགས་ཤིག་ཀྱང་རེད། བོད་ཀྱི་ལོ་རྒྱུས་རིག་པའི་ནང་མགོ་ཡི་རྒྱལ་པོ་ནས་ཐ་ན་ཁ་ལ་ཟ་རྒྱུ། ལུས་ལ་གྱོན་རྒྱུ། སེམས་ཀྱིས་སྤྱོད་རྒྱུ་ཚུན་ཆད་རང་ཉིད་ལ་ཕུན་སུམ་ཚོགས་པ་ཡོད་བཞིན་དུ་དེ་དག་རྒྱང་དུ་དོར་ནས་ཡུལ་ལུང་གཞན་ནས་གཡར་བ་དང་དཔེ་བལྟ་བ། ད་དུང་དེ་ལྟར་མ་ཐུབ་ཚེ་རང་གི་རིགས་འདི་ཡུལ་ལུང་གཞན་གྱི་རིགས་ཡིན་ཚུལ་སྒྲོག་བཞིན་པ་ནི་དེང་རབས་རྒྱལ་ཁབ་གཞན་གྱི་མདུན་དུ་ངོ་གནོངས་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད།
དཔེར་ན། བོད་པའི་སེམས་ཁམས་སུ་རྒྱ་གར་ནི་འཕགས་ཡུལ་ཞེས་གྲགས་པས་ལྷ་ཡུལ་ལྟ་བུ་ཞིག་མིན་འགྲོ་སྙམ་པའི་རྨོངས་ཞེན་གྱི་དབང་གིས་བོད་ཀྱི་རྒྱལ་པོ་དེ་ཡང་དེ་ནས་མཆེད་པར་སྒྲུབ་ཅི་ཐུབ་གནང་འདུག་པ་ནི་ཅུང་ངོ་གནོངས་དགོས་པ་ཞིག་རེད། གལ་ཏེ་དེ་ལྟར་ཡིན་ན་རྒྱ་གར་གྱི་རྒྱལ་པོས་རང་གི་སྲས་ཡིན་པ་མི་ལ་བསྟན་མི་ཕོད་པའི་མི་མདོག་ངན་དེ་འདྲ་ཞིག་བོད་ཡུལ་དུ་སྤྱུགས་པར་བོད་པ་རྣམས་ཀྱིས་ལྷ་ཡུལ་ནས་ཕེབས་པ་ཡིན་སྙམ་ནས་རྒྱལ་པོའི་ཁྲིར་ག་ལ་གསོལ་སྲིད། ལྷ་ཡུལ་ནས་ཕེབས་པ་ཡིན་ན་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པ་ལས་མདོག་ངན་པ་གདོན་འདྲེ་བཟོ་འདྲ་ཞིག་ལ་ལྷར་གཟུང་མཁན་ཞིག་སུ་ཡོད།
ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་འདི་བཞིན་ལོ་རྒྱུས་དངོས་ལྟ་བུར་བསྒྱུར་ནས་ལོ་རྒྱུས་སྨྲ་བ་གོང་མ་ཚོས་དཔྱད་པ་ཙམ་ཡང་མེད་པར་རང་སོར་བཞག་གནང་བ་ཡང་ནག་ཉེས་ཆེན་པོ་ཞིག་ཡིན། དེ་ལས་ལྡོག་སྟེ་དངོས་དོན་ལོ་རྒྱུས་རྙིང་པ་ཁག་ལ་ཞིབ་འཇུག་ནན་གྱིས་བྱེད་ན་བོད་ཀྱི་རྒྱལ་པོ་ནི་བོད་པ་རང་ཡིན་པ་ལས་རྒྱང་འབུད་བཏང་བའི་རྒྱ་གར་བ་མདོག་ངན་ཞིག་གཏན་ནས་མིན། དེ་ནི་བོད་ཀོང་ཡུལ་ནས་ཕེབས་པའི་ཨུ་བྷེ་ར་ཞེས་པའི་དཔའ་རྟུལ་དེ་ཡིན་ཞིང་དེའི་སྟེང་ནས་བོད་ཀྱི་ལོ་རྒྱུས་ཤིག་གི་མགོ་བོ་བཙུགས་ན་ཡབ་མེས་དམ་པ་ཚོ་ལ་ཞེ་ཁྲེལ་མི་དགོས་པ་ཞིག་དང་དེང་རབས་རྒྱལ་ཁབ་གཞན་གྱི་མདུན་དུ་ཡང་སྤོབས་པ་ཞུམ་མི་དགོས་པ་ཞིག་རེད།
འདི་ལྟར་ལོ་རྒྱུས་ཁག་ལ་ཞིབ་འཇུག་བྱེད་སྐབས་ལྷ་སྲས་དར་མའམ་འུ་དུམ་བཙན་པོའི་མི་ཚེའི་ལོ་རྒྱུས་ཀྱི་ནང་ནོར་འཁྲུལ་དང་སྐྱོན་ཡེ་ནས་མེད་པ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་མི་བྱེད་ཀྱང་། ལྷ་སྲས་ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་ལར་ཞེན་ཟབ་ཅིང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་འཛུགས་བསྐྲུན་དང་ཡར་རྒྱས་ལ་ཤུགས་སྣོན་ཤུགས་ཆེར་རྒྱབ་གནང་བའི་རྒྱལ་པོ་ཞིག་ཡིན་པ་ལས། བོད་ཀྱི་རྒྱལ་ཁབ་བཙོང་བའི་ཚོང་དཔོན་ཞིག་མིན་ལ་ནང་འཁྲུག་སློང་མཁན་གྱི་གསང་ཉུལ་ཞིག་ཀྱང་མིན།
འུ་དུམ་བཙན་པོ་ནི་ཆོས་ལ་དད་པ་ཡོན་མཁན་ཞིག་ནི་ཡིན་ངེས་ཏེ། ཏུན་ཧོང་ཡིག་རྙིང་ཁྲོད་དུ། ཚེའི་བར་ཆོད་ཀྱྀ་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ། གཙུག་ལག་ཁང་དང་མཆོད་རྟེན་གསར་དུ་བརྩྀགས་ཤིང་རྙྀང་བཅོས་པ་ཡང་་་་་་ཞེས་སོགས་གསལ་བས་རྒྱལ་པོ་ཁོང་ནི་ཆོས་ལ་དད་ཞེན་ཆེ་བ་མ་ཟད་ཆོས་ཀྱི་གོ་རྟོགས་ཀྱང་མཐོན་པོར་སོན་པའི་མི་ཞིག་ཀྱང་རེད་འདུག ཁོང་གིས་སྐུའི་གཅེན་པོ་ཁྲི་རལ་པ་ཅན་གྱིས་གྲྭ་བ་རྣམས་ལ་བཀུར་བསྟི་ཞུ་རྒྱུ་ཆེ་དྲགས་པ་དང་། མཚམས་རེར་རང་གི་ཁྲི་སྟེང་དུ་ཡང་གྲྭ་བ་རྣམས་བཞུགས་སུ་བཅུག་པ་དང་། རང་གི་འབངས་རྣམས་ལ་གྲྭ་བ་རྣམས་ཀྱི་འཚོ་རྟེན་དུ་ཤ་མར་སོགས་ཕུལ་དགོས་པའི་ཁྲིམས་ཤིག་བཟོས་ཤིང་། དེ་ལྟར་མ་ཕུལ་ཚེ་ཞལ་ལྕེ་ཅི་རིགས་ཀྱི་སྒོ་ནས་ཆད་པ་གཅོད་པའི་ལམ་ལུགས་ངན་པ་དེའི་འོག་ནས་ལོ་རེ་ནས་ལོ་རེར་གྲྭ་བ་བཟོ་མཁན་ཇེ་མང་དུ་ཕྱིན་ཅིང་། དེ་ནི་ཆོས་ཀྱི་ཆེད་དུ་མིན་པར་དེ་ནི་དཀའ་ལས་གང་ཡང་མི་དགོས་པར་ལྟོ་ཟ་རྒྱུ་ཡོད་པས་རེད། དེར་བརྟེན་ལྷ་སྲས་དར་མ་རྒྱལ་ཁྲིར་འཁོད་པ་དང་། གྲྭ་བ་རྫུན་མ་དེ་དག་གནས་དབྱུང་བཏང་ཞིང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཡར་རྒྱས་ལ་དམིགས་ནས་མདུན་བསྐྱོད་ཆེན་པོ་ཞིག་གནང་སྐབས་ཕྱོགས་ཞེན་གྱིས་བཟི་བའི་སྔགས་པའམ་འཆམ་འཁྲབ་མཁན་ཞིག་གིས་མདའ་བསྣུན་ནས་རྒྱལ་པོའི་སྐུ་སྲོག་བཀྲོངས་པ་ནི་བོད་ཆག་འཇིག་གི་སྟ་གོན་བྱས་པ་ཞིག་རེད།
རྒྱལ་པོའི་སྐུ་སྲོག་དགྲོང་མཁན་དེ་ལ་དཔལ་གྱི་རྡོ་རྗེ་ཞེས་ཟེར་ཞིང་། ལོ་རྒྱུས་པ་ཡིན་ཟེར་མཁན་ཚོས་དེ་ལྷ་ཡི་སྤྲུལ་པ་ཡིན་རབས་ཀྱི་རྟོག་བཟོའི་ལྷ་སྒྲུང་རིང་པོ་ཞིག་ཀྱང་བཟོས་ཏེ་ལྷ་སྲས་དར་མ་བཀྲོངས་པ་དེས་བོད་དང་བོད་ཀྱི་བསྟན་པ་ཕན་རབས་སོགས་ཀྱང་བཤད་འདུག་པ་ནི་རྟོག་བཟོ་ཞིག་ཡིན་པར་སེམས་དང་ལྡན་པ་སུས་ཀྱང་ཤེས་ཐུབ།
ལྷ་སྲས་ཀྱིས་དེ་ལྟར་གནང་དོན་ནི་གྲྭ་བ་མང་དྲགས་པའི་དབང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འཐུས་ཤོར་འགྲོ་དོགས་ཀྱིས་གནང་བ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འཐུས་ཤོར་ཕྱིན་ཚེ་སངས་རྒྱས་ཀྱི་བསྟན་པ་ཅུང་ཁག་པོ་ཡིན་པ་ནི་ང་ཚོས་མྱོང་བས་གྲུབ་པ་འདི་རེད། ཁོང་གིས་གྲྭ་བ་ཉུང་དུ་བཏང་བའི་ལས་གཞི་མགོ་རྩོམ་པ་དེ་ཆེས་ནག་ཉེས་ཤིག་ག་ལ་ཡིན་ཏེ། ད་ལྟའི་བོད་ཀྱི་གྲངས་ཉུང་མི་འབོར་གྱི་དཀའ་ངལ་ལ་བརྟེན་ནས་༧གོང་ས་ཏཱ་ལི་བླ་མ་མཆོག་གིས་གྲྭ་བའི་གྲངས་འབོར་མང་རབས་དང་མང་བ་ལས་སྤུས་ཀ་ལེགས་པའི་སྐོར་ཡང་ནས་ཡང་དུ་གསུངས་པ་དང་གཅིག་མཚུངས་ཤིག་མིན་ནམ།
ལྷ་སྲས་ཁོང་གིས་ལས་གཞི་གང་ཞིག་བརྩམས་ཀྱང་མི་མང་གིས་ཁོང་ལ་ནི་སེམས་གཏིང་ནས་ཡིད་ཆེས་དང་རྩི་བཀུར་ཡོད་པར་མངོན་ཏེ། དཔལ་གྱི་རྡོ་རྗེས་ལྷ་སྲས་བཀྲོངས་མ་ཐག་རྟ་དང་གོས་ཀྱི་མཚོན་མདོག་བསྒྱུར་ནས་བྲོས་མ་ཕྱིན་ན་རྗེས་འདེད་ཀྱིས་ཁོ་རང་ཡང་བཟུང་ངེས་པ་ཡིན་པས་དེའི་ཐོག་ནས་ཀྱང་ལྷ་སྲས་དར་མ་ནི་ནམ་ཡང་མི་མང་གི་སེམས་སུ་རྒྱལ་པོ་དྲིན་ཅན་ཞིག་ལ་རྩི་གི་ཡོད་པ་མཚོན་ཐུབ།
གང་ཞིག་ལ་དབང་ཆའི་རྐུབ་བཏེགས་ཡོད་ན་དེའི་ཕྱོགས་འགལ་གྱི་མི་རྣམས་གསོད་གཏུབ་ཅི་རིགས་བྱེད་པ་ནི་འདི་ཙམ་མིན་པར་མནའ་དང་དེང་གི་ལོ་རྒྱུས་ཚང་མའི་ནང་བྱུང་ཡོད་པ་བཞིན་ལྷ་སྲས་ཁོང་གི་ཕྱོགས་འགལ་གྱི་མི་ཁ་ཤས་ནི་བསད་ཡོད་ངེས་ལ། དེ་ལ་ཧང་སང་དགོས་དོན་ཡང་མེད། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཁོང་གི་བློན་པོ་གྲགས་ཅན་མ་ཞང་དྲོན་པ་སྐྱེད་དང་། སྟག་ར་ཀླུ་གོང་བཅས་མ་ཉེས་ཁག་གཡོག་གིས་སྐུ་གླུད་དུ་བརྫངས་པ་དང་། ད་དུང་གཞན་རྣམས་གསོན་པོ་དུར་དུ་བཅུག་པ་ཞེས་པའི་ཞལ་ལྕེ་སྐྱུགས་དྲོ་བ་དེ་འདྲ་ཡང་གནང་འདུག་པས་ཕྱོགས་ཡོངས་ནས་བལྟ་ན་གཅིག་མཚུངས་ཤིོག་ལས་ཁྱད་པར་གང་ཡང་མེད།
དེ་ལྟར་ན་ཡང་། བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བས་དངོས་དོན་ལ་ཡེ་ནས་མ་རེག་པར་ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་འདུག་ཅིང་། ཐ་ན་ལྷ་སྲས་དར་མའི་མཚན་ཙམ་ཡང་གཙང་མར་བྲིས་མེད་པ་ནི་སེམས་གཏིང་ནས་ཕངས་དགོས་པ་ཞིག་དང་། མཁས་དབང་དགེ་ཆོས་ཀྱིས་དེབ་དཀར་དུ་དར་མ་ཞེས་མཚན་དངོས་སུ་བྲིས་པ་ནི་གཟི་བརྗིད་ཅིག་ཡིན་ངེས།
ད་དུང་དེ་ལས་འཕྲོས་ནས་ལྷ་སྲས་དར་མ་དང་བོད་ཀྱི་གནས་བབ་བཅས་ཀྱི་ཐོག་དཔྱད་པ་བྱེད་དགོས་པ་མང་དུ་སྣང་ན་ཡང་། དེ་རིང་དེ་ཙམ་གྱིས་འཐུས་པར་བྱས་སོ།
ན་བུན་བསྟིམས་པའི་ཡབ་མེས་དུར་ས་ནས།།
གང་ཁྱེད་རྣམ་ཤེས་འཁྱམ་པོ་འཚོལ་བ་ན།།
ལོ་རྒྱུས་འཁྱོག་པོའི་འཕྲང་ལམ་དོག་པོ་ནས།།
ལྷ་སྲས་ངོ་མ་རྙེད་པས་དགའ་ཚོར་བྱིན།།

ཞེས་པ་འདི་ནི་ཡབ་ཆེན་དམ་པ་དང་དགེ་རྒན་མཁས་པའི་བཀའ་དྲིན་ལ་བརྟེན་ནས་འཕགས་བོད་དབྱིན་གསུམ་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་སྤོབས་པ་ཡངས་པའི་མདོ་ཁམས་བེ་རི་རྒྱལ་པའི་ཁྲག་རུས་བརྒྱུད་པའི་ཉེ་བའི་གཙུག་ལག་རབ་འབྱམས་སྨྲ་བ་དེང་རབས་ལོ་མཉམ་གྱི་མཁས་པ་ཀུན་གྱི་གཙུག་ཏུ་མི་འཇིགས་སྤོབས་པའི་གོམ་པ་དལ་གྱིས་སྤོ་བའི་རྣམ་དཔྱོད་མཆོག་ཏུ་དགེ་ཡང་།  མགོ་མཇུག་ལྡོག་པའི་སྤྱི་ཚོགས་རལ་པོ་འདི་ལ་མིག་ཞགས་ནམ་ཡང་འཕེན་མི་འདོད་པའི་བློ་གསལ་གླིང་དཔེ་མཛོད་ཁང་གི་གད་ཕྱི་བ་བེ་རི་དཔལ་ལྡན་རྣམ་རྒྱལ་དུ་འབོད་པས་༢༠༡༠།༡༡།༦ཉིན་འབྲས་སྤུངས་བློ་གསལ་གླིང་གི་དཔེ་མཛོད་ཁང་དུ་གད་རྒྱག་ཞོར་དུ་ཤར་མར་སྤེལ་བའོ།།







No comments:

Post a Comment