སྙན་ངག

 དྲིན་ཅན་ཨ་ཕའི་རྗེས་དྲན་རིང་མོ། 
ཡིད་འོངས་འདབ་རྒྱ་སྟོང་དུ་གྲོལ་བའི་ཆུ་སྐྱེས་དཀར་པོའི་གདན་སྟེང་ན། ། 
སྙན་འགྱུར་འབུམ་གྱི་འགྱུར་ཁུག་རྫོགས་པའི་བཻཌཱུརྱའི་པི་ཝང་གིས། །
བླང་དོར་གནས་རྣམས་ཇི་བཞིན་སྟོན་མཛད་ངག་དབང་ལྷ་མོ་དབྱངས་ཅན་མ། །
སྨྱུག་རྩལ་སྒེག་མོའི་ཟློས་གར་འདི་ལ་སྙན་འགྱུར་འབུམ་གྱིས་རམ་འདེགས་མཛོད། །

དཔལ་དང་སྟོབས་ཀྱི་ནུས་ཤུགས་རྫོགས་པའི་མཚུངས་མེད་ཆོས་ཀྱི་རྒྱལ་པོ་དང༌། །
སྐད་རིགས་ཀུན་ལ་ཆགས་ཐོགས་མེད་པའི་འགྲན་ཟླ་བྲལ་བའི་འཇིག་རྟེན་མིག །
བཅུ་ཕྲག་རིག་པའི་ནོར་གྱི་མཛོད་ལ་དབང་བསྒྱུར་པན་ཊི་ཏ་ཡི་ཚོགས། །
ཞབས་ཟུང་གསེར་གྱི་འཁོར་ལོའི་རི་མོས་ཤིས་པར་གང་དུ་སྒྲུབ་པའི་གཞི། །

སངས་རྒྱས་བསྟན་པའི་ཞིང་ས་དང་ནི་འཚེ་མེད་ཞི་བའི་བསྟེ་གནས་ཏེ། །
འཛམ་གླིང་ཟླུམ་པོའི་མཐོ་སྒང་ཞེས་ཏེ་སྙན་གྲགས་ཀུན་ཏུ་འབར་ན་ཡང༌། །
ད་ལྟ་རྒྱ་དམར་ཀླ་ཀློའི་དཔུང་གིས་དམྱལ་བའི་ཁམས་སུ་སྒྱུར་བཞིན་པའི། །
རྩམ་གཟན་ས་ཡ་དྲུག་གི་ཕ་ཡུལ་བསིལ་ལྡན་ཁ་བའི་གངས་ལྗོངས་ཀྱི། །

ཆོས་ཁ་གསུམ་ཞེས་གྲགས་པའི་ནང་ནས་མདོ་ཁམས་སྨད་ཀྱི་ཞིང་ཁམས་ཏེ། །
དཔའ་བོ་སྟོང་གི་འཚང་ཁ་རྒོད་པའི་ཨ་རོགས་ཁམས་པའི་ཕ་ས་ཡི། །
ཤར་མཐའི་མཚམས་སུ་མན་ཌལ་ལྟར་ཆགས་ཏྲེ་བོ་ཧོར་གྱི་ལུང་བ་དེར། །
དབུལ་དང་ཕྱུག་གི་ཧེ་བག་ཆེ་བའི་ཁྱིམ་ཚང་སྟོང་དུ་ཆགས་པའི་ནང༌། །

སྟོབས་དང་འབྱོར་བས་གནས་ས་བསྒུལ་བའི་རྫ་རྒྱ་གཉིས་ཞེས་གྲགས་པ་ལས། །
ཉམ་ཆུང་ཞི་བའི་བྱམས་ཀྱིས་སྐྱོང་ཞིང་རྒོད་པོ་དཔའ་ཡིས་གཉའ་བཅོམ་པའི། །
རྫ་བ་ཚང་ཞེས་མཚན་གྱི་སྙན་པ་རྣ་བའི་བུ་གར་ལྷང་ཙམ་གྱིས། །
མཐོ་དམན་ཀུན་གྱི་འགྲམ་ཆུའི་ཐིགས་པ་དབང་མེད་ས་ལ་འཐོར་བ་དེར། །
 

གང་ཁྱེད་སྐུ་ཡི་པད་དཀར་ལྗོན་པ་རིན་ཆེན་སྒྲོལ་མའི་སྲས་སུ་བཞད། །
སྣབས་དང་ངུ་སྐད་མཉམ་དུ་ལུད་པའི་བྱིས་པའི་སྙུག་སྣོད་དྲོ་བོའི་ནང༌། །
དྲིན་ཆེན་ཨ་མའི་མྱོས་བུམ་ས་ནས་འོ་མའི་ནུ་ཐག་མ་ཆོད་གོང༌། །
རྒྱ་དམར་ཀླ་ཀློའི་དམག་དཔུང་ཚོགས་ཀྱིས་དཀར་མཛེས་གྲོང་ཁྱེར་དབང་དུ་བསྒྱུར། །

མདའ་དང་མདེ་འུའི་སྐད་སྒྲ་ལྷན་དུ་རང་རིགས་འབུམ་ཕྲག་ས་ལ་བསྒྱེལ། །
མེ་སྒྱོགས་དྲག་པོའི་ཤུགས་ལ་བརྟེན་ནས་དགོན་དང་མཆོད་རྟེན་རྡུལ་དུ་བསྒྱུར། །
རྩ་ཆེའི་ནོར་དང་འབྱོར་བ་ཡོངས་རྫོགས་བཙན་པོ་དབང་གིས་འཕྲོག་པ་སོགས། །
གཉའ་གནོན་འདི་ཀོ་དྲན་པ་ཙམ་གྱིས་སྙིང་གི་བུ་ཆུང་འགད་ལ་ཁད། །

དེ་སྐབས་རྒྱ་དམར་ཀླ་ཀློའི་དམག་གིས་རྫ་བ་ཚང་གི་ཁྱིམ་ཚང་ཡང༌། །
བསད་འཕྲོག་བཅོམ་གྱིས་བཙན་འཛུལ་བྱས་ཏེ་ནང་མི་ཡོངས་རྫོགས་ཕྱི་རུ་ཕུད། །
གང་ཁྱེད་གོམ་པའི་ཁོ་ལག་མ་རྫོགས་གོག་གིན་གོག་གིན་ཕྱི་ལ་བུད། །
ཆོ་ངེ་དྲག་པོས་གྲོང་ཚོ་དཀྲོགས་ཀྱང་སྙིང་རྗེས་གཟིགས་མཁན་སུ་ཡང་མེད། །

ཤོག་བུའི་ཞྭ་མོ་མགོ་ལ་གཡོགས་ཏེ་མི་ཚོགས་གསེབ་ཏུ་ཕར་ཚུར་དྲུད། །
བཙོན་ཁང་ནང་དུ་ཚར་འདྲི་བཏང་ཞིང་གློག་དང་རྒྱུགས་པས་རྡུང་ཞིང་རྡེག །
ས་བདག་གྲལ་རིགས་ཉེས་མིང་འོག་ནས་གཉའ་གནོན་ཚད་མེད་བྱས་པའི་རྐྱེན། །
ཨ་ཡུམ་ཨ་ནེ་དྲིན་ཆེན་གཉིས་ཀྱི་ལང་འཚོའི་འདབ་མ་ས་ལ་ལྷུང༌། །

རྒྱབ་ཏུ་གྱོན་པའི་གོས་སློག་མེད་པས་གྲང་ངར་སྟོང་གིས་ཀུན་ནས་གཙེས། །
ཁ་ལ་ཟ་རྒྱུའི་བཟའ་བཅའ་མེད་པས་དཀྲིས་སྐོམ་བརྒྱ་ཡིས་ཀུན་ནས་མནར། །
ཟོག་དང་ལྷན་དུ་ཟོག་རའི་ནང་དུ་བྱིས་པའི་དུས་སྐབས་སྡུག་གིས་རྫོགས། །
བྱིས་པའི་དུས་ནས་དཀའ་སྡུག་མང་བའི་ཨ་ཕ་ཁྱོད་ལ་ཤ་རེ་ཚ། །

སློབ་གྲྭར་འགྲོ་ན་གྲལ་རིགས་བུ་ཞེས་སྒོ་ཡི་ཁ་ནས་ཕྱི་རུ་ཕུད། །
ཆོས་སྒོར་ཞུགས་ན་རྨོངས་དད་ཅན་ཞེས་ཆོས་བྱེད་སྐལ་བ་ཁྱོད་ལ་མེད། །
ཤེས་བྱ་རིག་པའི་ཞིང་ཁམས་འགྲིམས་པའི་སྐལ་བ་ཡེ་ནས་མ་རྙེད་པར། །
གཞོན་ནུའི་དུས་བཟང་རིམ་གྱིས་རྫོགས་ནས་ཕ་རྒོད་དར་མའི་ལང་འཚོ་མངོན། །

མཱ་འོ་འདྲེ་ཡི་ངན་བྱུས་འོག་ནས་མཉམ་ལས་བྱེད་མགོ་བཙུགས་པ་འི་སྐབས། །
ཆུ་དང་ཆར་པའི་དཀའ་སྡུག་གསེང་ནས་ཉིན་མཚན་ཞིང་ལས་གཉེར་བ་དང༌། །
ཉི་མའི་འོད་རླབས་འབར་བའི་འོག་ཏུ་ས་རྐོ་རྡོ་ལས་བྱེད་ན་ཡང༌། །
ཟས་གོས་ལྟོ་ཡི་དཀའ་སྡུག་འབུམ་གྱིས་གང་ཁྱེད་ལུས་སེམས་ལྟོང་དུ་འབིགས། །

ནང་དུ་འཛུལ་སའི་ཁང་བ་མེད་པར་སྲང་ལམ་ཁྲོད་དུ་འཁྱམས་ཤིང་ཉུལ། །
ཡོན་ཏན་སློབ་པའི་སྐལ་བ་མེད་པར་སྨོངས་པའི་བརྟུལ་ཞུགས་དང་དུ་བླངས། །
བློ་སེམས་མཐུན་པའི་གྲོགས་པོ་མེད་པར་ཁེར་རྐྱང་འཕྲང་ལམ་དལ་གྱིས་བསྐྱོད། །
དབང་ཤེད་རྒྱུ་གསུམ་གང་ལ་མེད་ན་གྲོགས་དང་གཉེན་སྤུན་མེད་འདི་སྐྱོ། །

ཚེ་རབས་སྔོན་མའི་ལས་འཕྲོ་ཞིག་གིས་སྤྲང་པའི་སྲང་ལམ་ཟུར་ཁ་ནས། །
བརྩེ་དུང་འོད་ཀྱི་ཞགས་པ་དཀར་པོས་ཡེ་ཤེས་བཟང་མོར་དམ་དུ་འཁྱུད། །
བརྩེ་དུང་མདུད་པ་གྲོལ་ཐབས་མེད་པས་གཉེན་སྒྲིག་ངེས་པར་བྱེད་དགོས་ཞེས། །
གཉིས་ཀས་མགྲིན་པ་གཅིག་ཏུ་སྒྲོག་པས་བརྩེ་གདུང་རིན་ཐང་དངོས་དེ་བསྟན། །

སྟོབས་དང་ནུས་པ་གཅིག་ཏུ་བསྒྲེལ་ཏེ་ཁྱིམ་གྱི་ལས་དོན་ཆེ་ཕྲ་ཀུན། །
གང་ཁྱེད་གཅིག་པའི་ཕྲག་ཏུ་བླངས་ནས་ཡུན་རིང་འབད་པས་བསྒྲུབས་པའི་རྗེས། །
ཁྱིམ་གྱི་འཚོ་བ་ཡར་རྒྱས་ཕྱིན་ཏེ་ཁྱེད་དང་གུས་པའི་ཡུམ་ཆེན་ཟུང༌། །
དགའ་སྐྱིད་འཚོ་བ་ལྷན་དུ་རོལ་ན་གཞོན་དུས་སྐབས་མཉམ་དུ་བསྐྱལ། །

ལོ་ཟླ་ཞག་གི་འཕྲེང་བའི་འཁོར་ལོ་ཡུད་ཀྱིས་ཡུད་ཀྱིས་འཁོར་མཚམས་སུ། །
གང་ཁྱེད་ཟུང་གི་རིགས་རྒྱུད་ཟོལ་དུ་གུས་པ་གང་གི་བུ་རུ་སྐྱེས། །
ས་ལ་རྡེའུ་སྟོང་དུ་བརྩིགས་ཤིང་གནས་ལ་རླུང་རྟ་གཏོར་བ་སོགས། །
གང་ཁྱེད་སེམས་ཁམས་དགའ་བས་མྱོས་ཏེ་དགའ་སྟོན་ཤུགས་ཆེར་བྱས་ཞེས་ཐོས། །

ནང་གི་རིན་ཆེན་ནོར་བུའི་ཟོལ་གྱིས་ལྷད་མེད་བྱམས་པས་ཀུན་ནས་བསྐྱངས། །
ཕུགས་བསམ་རིང་བོ་ཐུགས་སུ་བཟུང་སྟེ་རེ་བའི་འོད་ཞགས་ང་ལ་བཅིངས། །
མདོར་ན་བདག་གི་ཡབ་ཡུམ་གཉིས་ཀྱིས་བརྩེ་བས་ཀུན་ནས་བསྐྱངས་པའི་ཚུལ༌།
ཆ་ཡི་ཆ་ཤས་རེ་ཡི་དྲིན་ལན་བསྐལ་བའི་བར་དུ་མཇལ་མི་ནུས། །

འཇམ་པའི་གོན་ཆས་ང་ལ་བསྐོད་ནས་རྙིང་ཧྲུལ་སློག་པ་ཁྱེད་ཀྱིས་བསྣམས། །
ཞིམ་པའི་བཟའ་བཅའ་ང་ལ་གནངས་ནས་སྐྱ་བའི་ཆུ་པགས་ཁྱེད་ཀྱིས་བཞེས། །
ཁ་ལུད་སྣ་ལུད་ལྕེ་ཡིས་ཕྱིས་ཤིང་བྱམས་པའི་ཕྱག་གིས་བྱིལ་བྱིལ་མཛད། །
དྲིན་ཆེན་ཡབ་ཡུམ་ཟུང་གི་སྐུ་དྲིན་ང་ཡིས་ནམ་ཡང་བརྗེད་མི་ན྄ུས། །

ཚེ་སྔོན་ལས་ངན་བསགས་པའི་འབྲས་བུ་དུས་སུ་ཐོག་ཏུ་བབ་པ་བཞིན། །
ཡུམ་ཆེན་དམ་པ་ནད་ཀྱིས་གདུང་སྟེ་མལ་སར་ཡུན་རིང་ལུས་པའི་སྐབས། །
ཨ་ཕ་ཁྱེད་ཀྱང་སྐྱོ་བས་མནར་ཏེ་ང་ལ་ཡང་ཡང་འཐམ་བཞིན་དུ། །
འོ་འདོད་ཆོ་ངེ་ཀུན་ཏུ་སྒྲོག་ཀྱང་སེམས་གསོ་བྱེད་མཁན་མེད་འདི་སྐྱོ། །

གང་ལ་སྟོབས་འབྱོར་དབང་ཐང་ཡོད་ན་ཀུན་གྱིས་སྤེལ་ལད་འཁྲབ་པ་དང༌། །
གང་ལ་སྟོབས་འབྱོར་རྒུད་པར་གྱུར་ན་ཁྱི་ཡིས་ཀྱང་ནི་བརྙས་པ་འདི། །
འཇིག་རྟེན་འཁོར་བའི་ཆོས་ཉིད་ལགས་ན་ཡ་མཚན་ཆེ་དོན་མི་འདུག་པས། །
རང་གི་གནས་བབ་རང་གིས་ཤེས་ནས་མིག་ཆུ་ཁོག་བར་མིད་ནས་བསྡད། །

ཡུམ་ཆེན་དམ་པ་མལ་སར་ལུས་ནས་ཕྱག་ལས་གནང་བར་མི་ཐུབ་པས། །
ཁྱིམ་ཚང་དེ་ལ་མི་མཁོ་ཟེར་ཏེ་ཁྱིམ་ནས་བཙན་གྱིས་ཕྱི་རུ་ཕུད། །
ངེད་ཅག་ཕ་མ་མཉམ་ཆུང་གསུམ་པོ་མཚན་ཕྱེད་ཙམ་ལ་སྤུད་པ་འདི། །
ད་ལྟ་ལ་ཡང་གསལ་བོར་དྲན་ཞིང་ང་ཡིས་ནམ་ཡང་བརྗེད་མི་སྲིད། །

ཁྱིམ་མཚེས་གྲོགས་པོར་གནས་ཚང་གཡར་སྟེ་ཁྱིམ་གྱི་སྒོ་ཟོག་ལྷན་ཅིག་ཏུ། །
ངེད་ཅག་གསུམ་པོ་ཆོ་ངེ་ཤོར་བཞིན་མཚན་མོར་གཉིད་ཀྱང་མ་ཁུག་པར། །
འདས་དོན་བྱུང་བར་བསམ་གཞིགས་བྱས་ཤིང་མ་འོངས་མི་ཚེའི་མདུན་ལམ་ཆེད། །
གྲོས་བསྡུར་ཡང་ཡང་བྱེད་བཞིན་བྱེད་བཞིན་ཞོགས་པའི་སྐྱ་རེངས་མཁའ་ནས་ཤར། །

ཞོགས་ཇ་སྐོལ་སའི་མེ་ཐབ་མེད་པས་རྡོ་གསུམ་དལ་གྱིས་བརྩིགས་བྱས་ཏེ། ། ཧ་ཡང་ཆུངཆུང་་ཁ་ཆག་དེའི་ནང་བོད་ཇ་ཉུང་ཞིག་བསྐོལ་བྱས་ནས། ། ངེད་གསུམ་ཟས་ལ་རོལ་བའི་སྐབས་སུ་ཁོ་བོས་ངུ་རྒྱངས་སྒྲོགས་བྱས་ཤིང༌། ། ཁྱེད་ལ་སུན་པོ་ཚད་མེད་བཟོས་པས་ད་ལྟར་སྙིང་ནས་འགྱོད་པ་འཕྱོ། ། གྲྭ་བ་བླ་མས་ཞབས་རིམ་གནང་ཤིང་སྨན་ཁང་གང་སར་བསྟེན་ན་ཡང༌། ། ཡུམ་ཆེན་སྙུང་གཞི་ལྕི་རུ་ཕྱིན་ཏེ་མཐའ་མར་ཉེན་ཁའི་མཚམས་སུ་སླེབས། ། འགུལ་དང་སྨྲ་བརྗོད་ཅི་ཡང་མི་ནུས་ཡུམ་གྱིས་ང་ལ་ཅེར་བཞིན་དུ། ། མིག་ཆུའི་ཐིགས་ཕྲེང་སྟོང་དུ་ཉིལ་ཏེ་ཐུགས་སེམས་སྐྱོ་བའི་ཚུལ་དུ་བཞུགས། ། དེ་ལྟར་དེ་ལྟར་ཉིན་ཤས་རྗེས་ནས་ཡུམ་ཆེན་དྲག་སྐྱེད་མ་སོང་བར། ། སྙིང་རྗེ་ཤ་ཚ་ཀུན་ནས་བྲལ་བའི་འཆི་བདག་ཞགས་པས་དུམ་དུ་བཅིངས། ། ཨེ་མ་ཀྱེ་ཧུད་ཕ་བུ་ངེད་གཉིས་རྒྱུས་མེད་ཁང་སྟོང་འདི་ཡི་ནང༌། ། གཅིག་པུར་གཡུགས་ཤིང་ཁྱེད་ཉིད་འདི་ལྟར་བྲེལ་བས་ཕེབས་དོན་ཅི་ལགས་སམ། ། ཨ་ཕ་དམ་པས་ཡུམ་ཆེན་གྲོངས་ཁར་དམ་བཅའ་ཇི་ལྟར་གནངས་པ་ལྟར། ། རྒྱུ་དངོས་ཀུན་གྱིས་མཆོད་འབུལ་བྱས་ཤིང་ཆུང་མ་གསར་པ་མ་བླངས་པར། ། བུ་ང་སྒལ་པའི་ཐོག་ཏུ་ཁུར་ཏེ་བལ་བོད་འཕྲལ་ལམ་དོག་པོའི་གསེབ། ། ཚེ་སྲོག་དམར་པོ་གཏའ་མ་བཞག་སྟེ་རྒྱ་གར་ལྷོ་མཐའ་འདི་རུ་སླེབས། ། སྐྱོ་དང་སྡུག་གི་སྐྲ་ལོ་རིང་མོ་བླ་མས་གྲི་ཡིས་དུམ་བུར་བཅད། ། འཇིག་རྟེན་འཁོར་བའི་ཕུད་ཐུང་རྩབ་ཧྲལ་ངེས་འབྱུང་གྲི་ཡིས་རྩད་ནས་བཏུབ། ། འཁོར་བའི་ཕུན་ཚོགས་ཞེན་པ་ལོག་པའི་ངེས་པ་དོན་གྱི་དགེ་སྦྱོང་ཁྱེད། ། ཤེས་བྱ་ཡོན་ཏན་ཅི་ཡང་མེད་ཀྱང་ཀུན་གྱི་བསྟོད་པའི་ཡུལ་དུ་གྱུར། ། རྒྱུས་མེད་རྒྱ་གར་ལྷོ་མཐའ་འདི་ན་མགོན་དང་དཔུང་གཉེན་མ་མཆིས་ཀྱང༌། ། དཀའ་སྡུག་འཚོ་བ་དང་དུ་བླངས་ཤིང་བརྙས་བཅོས་འདྲ་མིན་མགོར་བཟེད་ནས། ། ཞུམ་མེད་སྙིང་སྟོབས་སེམས་སུ་འབར་བཞིན་བུ་ངར་བྱམས་སྐྱོང་ཚུལ་བཞིན་དུ། ། གནང་བའི་ཚུལ་དེ་དྲན་པ་ཙམ་གྱིས་བརྩེ་བའི་བ་སྤུ་ཀུན་ནས་ལྡང༌། ། ཀུ་ཤུ་ལྟ་བུ་གང་ཞིག་ཡོད་ན་ཁྱེད་ཀྱིས་བཞེས་པར་མ་ནུས་ནས། ། ང་ལ་གནང་ཞིང་ང་ཡི་ཆེད་དུ་ཁྱེད་ཀྱིས་ཡོད་ཚོད་བཏང་གནང་ཡང༌། ། ང་ཡིས་དེ་ལ་དྲིན་ཏུ་མ་ཤེས་ཁྱེད་ལ་ཁ་ལན་སློག་པ་རྣམས། ། ད་ལྟ་སེམས་སུ་ཤར་བ་ཙམ་གྱིས་འགྱོད་པའི་རྒྱ་མཚོ་ཀུན་ཏུ་འཕྱུར། ། བློ་གླིང་སློབ་གྲྭར་འགྲིམས་པའི་སྐབས་སུ་རྩེ་སོན་བྱ་དགའ་བླངས་པ་དང༌། ། གྲྭ་ཚང་ནང་དུ་ལོ་ངོ་རྟག་པར་རྩེ་ཕུད་དང་པོ་ཐོབ་པ་རྣམས། ། གང་ཁྱེད་སྙན་གྱིས་གསན་པ་ཙམ་གྱིས་ང་ཡི་དཔྲལ་བར་འོ་གནངས་ཏེ། ། ང་ལ་ཡང་ཡང་དམ་གྱིས་འཁྱུད་པ་ད་ལྟ་ལ་ཡང་གསལ་བར་དྲན། ། དེ་ལྟར་དེ་ལྟར་ལོ་ཟླའི་ཕྲེང་བ་ཡུད་ཀྱིས་ཡུད་ཀྱིས་འཁོར་མཚམས་སུ། ། ཨ་ཕ་ཁྱེད་ལ་ཕོ་སྐྲན་ནད་ཀྱིས་དབང་མེད་ཧོབ་སྟེ་གདུང་བྱས་ཏེ། ། སྨན་ཁང་གང་སར་བསྟེན་པར་བྱས་ཏེ་སྨན་རིང་ཉིས་འབུམ་ཙམ་བཏང་ཡང༌། ། དྲག་སྐྱེད་གང་ཡང་བྱུང་བ་མེད་མཐར་ཚེ་སྲོག་དབུགས་ཀྱི་རྒྱུ་བ་ཆད། ། ཀྱེ་ཧུད་ཀྱེ་ཧུད་ནམ་མཁའི་བླ་མ་ཁྱེད་ལ་སྙིང་རྗེ་མེད་ལགས་སམ། ། ཀྱེ་མ་ཀྱེ་མ་ལས་དབང་ཁྱེད་ལ་དྲང་བདེན་ཅི་ཡང་མེད་ལགས་སམ། ། ཉེས་མེད་ཉམ་ཆུང་ཕ་བུ་ཟུང་ལ་ཆད་པ་འདི་ལྟར་བཅད་དོན་ཅི། ། ཤུས་དུ་ལུས་པའི་ད་ཕྲུག་ང་ལ་སྙིང་རྗེས་མི་གཟིགས་ཅི་ལགས་སམ། ། རྒྱལ་བ་རིན་པོ་ཆེ་ཞེས་ཟེར་བཞིན་ཁྱེད་ཉིད་ང་ལ་ཁ་བྲལ་སྐབས། ། སྐྱོ་གདུང་རྒྱ་མཚོ་སེམས་སུ་འཁོལ་ཞིང་མིག་ཆུའི་རྦ་རླབས་འཕྱོ་ན་ཡང༌། ། མིག་ཆུའི་ཐིགས་པ་སེམས་སུ་མིད་དེ་མཆོག་གསུམ་རྒྱལ་བར་གསོལ་འདེབས་དང༌། ། ཁྲི་ལ་ཉེ་བའི་འདུས་ཚོགས་དབུས་སུ་བསྔོ་སྨོན་མཆོད་འབུལ་ཤུས་ཡོད་ལགས། ། འཕྲད་ནས་བྲལ་དང་སྐྱེས་ནས་ཤི་བ་དངོས་པོ་ཀུན་གྱི་ཆོས་ཉིད་ཅེས། ། མཚན་ཉིད་སྨྲ་བ་ཀུན་གྱིས་གླེང་ཞིང་ངས་ཀྱང་གསལ་བར་ཤེས་ན་ཡང༌། ། ཨ་ཕ་ཁྱེད་དང་ཁ་ཁར་བྲལ་དུས་སྡུག་གིས་སེམས་ཁམས་གས་གྱུར་ནས། ། རང་ཤག་ནང་དུ་ཁེར་རྐྱང་གནས་བཞིན་མིག་ཆུའི་ཐིགས་པས་གཟན་ཤམ་བརླན། ། སྐུ་དྲིན་མཚུངས་མེད་བཤེས་གཉེན་རྣམ་པའི་དམིགས་མེད་ཐུགས་རྗེའི་བྱིན་རླབས་དང༌། ། ཨ་ཕ་ཁྱེད་ཀྱིས་རང་གི་སྲོག་བཞིན་བྱམས་པས་བསྐྱངས་པའི་བཀའ་དྲིན་ལས། ། མཁས་པའི་གདན་ལ་མ་ཚུད་ན་ཡང་བླུན་པོའི་གྲལ་དུ་མ་ལྷུང་བར། ། ལོ་མཉམ་ཁྲོད་ན་ཞུམ་པའི་མགོ་བོ་ནམ་ཡང་སྨད་པར་མ་མྱོང་ལགས། ། གང་ཁྱེད་འདི་ནས་ཕེབས་པའི་རྗེས་སུ་བུ་ང་ཁེར་རྐྱང་ཤུལ་ལམ་དུ། ། སུ་དང་གང་གིས་མགོན་སྐྱབས་མེད་པར་གཅིག་པུར་འདི་རུ་ལུས་ན་ཡང༌། ། སྐྱོ་གདུང་མིག་ཆུ་ཁོག་ཏུ་མིད་བཞིན་རང་ཉིད་མི་ཚེའི་མདུན་ལམ་སྟེང༌། ། ཨ་ཕ་ཁྱེད་ཀྱི་ཞལ་ཆེམས་ཇི་བཞིན་བུ་ངས་དེ་ལྟར་ལོས་སྒྲུབ་ལགས། ། དཔལ་དང་འབྱོར་བས་གཞན་ཡིད་འགུགས་པའི་སྟོབས་དང་ནུས་པའི་དཔའ་རྩལ་དང༌། ། ལྡན་པ་མིན་ཡང་གནའ་དང་དེང་གི་རིག་པའི་གཞུང་ལུགས་ཡོད་དོ་ཅོག ། རྣམ་དཔྱོད་ཟབ་མོས་སོ་སོར་འབྱེད་དེ་དེ་དག་འཆད་རྩོད་རྩོམ་གསུམ་གྱི། ། རྒྱལ་མཚན་མཐོན་པོ་ནམ་མཁའི་དབྱིངས་སུ་ནམ་ཡང་མི་ནུབ་སྒྲེང་ན་འདོད། ། བྱིས་པའི་ནུ་ཐག་མ་ཆད་གོང་ནས་ཡུམ་ཆེན་འཇིག་རྟེན་ཕྱིར་མར་ཕེབས། ། གཞོན་ནུའི་ལོ་ཚད་སྨིན་ལ་ཁད་ནས་ཡབ་ཆེན་ང་དང་སོ་སོར་བྲལ། ། ཤ་ཁྲག་གཅིག་པའི་སྤུན་མཆེད་མེད་ཅིང་མགོན་སྐྱབས་གནང་བའི་ཚ་ཞང་མེད། ། བློ་སེམས་མཐུན་པའི་གྲོགས་པོ་མེད་ལ་སེམས་གསོ་གནང་བའི་ངོ་ཤེས་མེད། ། ད་ཕྲུག་ཁེར་རྐྱང་ཤུལ་ལམ་འདི་ན་སྙིང་སྟོབས་དཔལ་འབར་མ་ཉམས་པར། ། མགོན་སྐྱབས་མེད་པའི་མུག་ནག་ཁྲོད་ནས་རང་གི་མདུན་ལམ་འཚོལ་བྱས་ཏེ། ། རྒྱང་རིང་བཞུགས་པའི་དྲིན་ཆེན་ཕ་མ་ཁྱོད་ཀྱི་དྲིན་ལན་མཇལ་ངེས་ཡིན། ། ང་ལ་ཐུགས་ཁྲལ་ཅི་ཡང་མི་དགོས་ཐུགས་སེམས་བདེ་བོ་མཛོད་ཅིག་ཀྱེ། ། ཞེས་པ་འདི་བཞིན་མངོན་བརྗེད་དང་བརྡ་རྙིང་སོགས་ཀྱིས་མ་བཅིངས་ཤིང་སུས་ཀྱང་གོ་བའི་སྙན་ངག་གདུང་དབྱངས་སུ་འདྲེན་པ་འདི་ནི་རྒྱ་གར་ལྷོ་མཐའ་ན་ཁེར་རྐྱང་གིས་འཚོ་བའི་དྭ་ཕྲུག་བེ་རི་དཔལ་ལྡན་རྣམ་རྒྱལ་ལམ་མིང་གཞན་རི་བོ་གངས་ཅན་པའི་སྙན་ངག་སྨྲ་བའི་གྲལ་མཐའི་མཐའ་མ་ན་འཁོད་པའི་བེ་རི་སྨྱོན་ཕྲུག་ཅེས་བྱ་བས་ ༢༠༠༨ ༦ ༧ ཉིན་རང་ཤག་ཏུ་བྲིས་སོ།། མཆོད་མེའི་འོད་ངོགས་ན། ཡུམ་ཆེན་དམ་པ་ལ་རྗེས་དྲན་དུ་ཕུལ། གང་ཁྱེད་ཞལ་གྱི་དུང་ཟླའི་དཀྱིལ་འཁོར་ལས། ། རྟེན་འབྲེལ་ཟབ་མོའི་ལེགས་བཤད་ག་བུའི་ཐིགས། ། འབུམ་དུ་འཇོ་བས་མི་ཤེས་སྨག་རུམ་ཀུན། ། བསལ་མཛད་ཤཀྱིའའི་མགོན་དེས་སྲུང་གྱུར་ཅིག ། གར་འགྲོ་རང་དབང་མེད་པའི་ས་མཐའ་འདིར། ། ཡོད་ཚད་གཞན་ལ་བཅོལ་བའི་ས་མཐའ་འདིར། ། རེ་བའི་དབུགས་རིང་འབྱིན་པའི་ས་མཐའ་འདིར། ། ཐམས་ཅད་སྟོང་ལྷང་གི་ས་མཐའ་འདིར། ། དྲིན་ཆེན་ཕ་མ་གཉེན་སྤུན་མ་མཆིས་ཤིང༌། ། སྙིང་གཏམ་བཤད་པའི་གྲོགས་ཤིག་མ་རྙེད་ལ། ། ནམ་ཡང་ཁེར་རྐྱང་རྐང་ལམ་ཕྲ་མོ་དེར། ། འཁྱར་འཁྱོར་གོམ་སྟབས་བསྒྱུར་བའི་ཉམ་ཆུང་ངས། ། བསིལ་ལྷང་ལྷང་གི་ལྷོ་རླུང་རྔུབ་ཞོར་དུ། ། ཕྲ་ཆུང་མིག་གི་ལོ་འདབ་ཟུམ་གྱུར་ཏེ། ། གྲོགས་མེད་ཁེར་རྐྱང་ལུས་པའི་ཤུལ་ལམ་ནས། ། བསམ་གཞིགས་ཁོར་ཡུག་ཐེངས་གཅིག་ཉུལ་བའི་སྐབས། ། འདས་དོན་མངར་སྐྱུར་འདྲེས་མའི་མི་ཚེ་ཡི། ། འཕྲང་ལམ་དེ་ལས་གཟུགས་མཐོང་གློག་བརྙན་བཞིན། ། ང་ཡི་མིག་ལམ་དལ་བུར་འཆར་བ་ནི། ། ད་ལྟ་མཇལ་དུ་མེད་པའི་ཨ་མ་ལགས། ། ཨ་མ་ཨ་མ་རྒྱང་རིང་ཨ་མ་ལགས། ། བུ་ང་ན་ཚོད་ཡལ་འདབ་མ་རྒྱས་གོང༌། ། བྲེལ་བའི་ངང་ནས་ཕེབས་དོན་ཅི་ཡིན་ཞེས། ། ཁྱེད་ལ་འཁང་ར་ཞུས་པ་ཉུང་ཉུང་མིན། ། དེ་ལྟ་ན་ཡང་སྔོན་མའི་ལས་སྐལ་དེ། ། ཟློག་ཏུ་མེད་པ་ད་ལྟར་ཤེས་གྱུར་བས། ། ཨ་མ་ཁྱེད་ལའང་ཐུང་ཁག་མི་འདུག་ཅེས། ། རྒྱང་རིང་དག་པའི་ཞིང་ལ་ལན་འདི་ཕུལ། ། མ་ཁྱེད་འཇིག་རྟེན་འདི་དང་ཁ་བྲལ་ཚེ། ། ཨ་ཕ་ང་གཉིས་གདུང་བས་ནོན་གྱུར་ཏེ། ། གཅིག་གི་གཅིག་ལ་སེམས་གསོ་བྱས་པའི་ཚུལ། ། ད་ལྟ་དྲན་དུས་ངའི་སེམས་སྐྱོ་ལྷང་ལྷང༌། ། འོན་ཏེ་དྲིན་ཆེན་ཨ་ཕ་ངེད་གཉིས་ཀྱིས། ། ཡུན་རིང་འབད་པས་བསགས་པའི་རྒྱུ་ནོར་ཀུན། ། སྐྱབས་གནས་ཚོགས་ལ་མཆོད་འབུལ་ཞུས་ཡོད་ན། ། གང་ཁྱེད་དག་པའི་ཞིང་ནས་ཐུགས་བདེར་མཛོད། ། ངུར་སྨྲིག་ན་བཟའི་རྒྱན་གྱིས་བཀླུབས་གྱུར་པའི། ། ཨ་ཕ་ང་གཉིས་རྒྱུན་དུ་གང་གི་ཆེད། ། གསོལ་བ་ཆད་མེད་འདེབས་བཞིན་ཡོད་ལགས་ན། ། གང་ཁྱེད་དག་པའི་ཞིང་ནས་ཐུགས་བདེར་མཛོད། ། མཁས་པའི་གོ་འཕང་བསྙེགས་པའི་ཡོན་ཏན་ཞིག ། ད་ལྟ་བུ་ངས་ཤེས་པ་མ་གྱུར་ཀྱང༌། ། མཇུག་མཐར་མི་ལུས་པ་ཡི་ཡོན་ཏན་ཞིག ། སློབ་བཞིན་ཡོད་པས་གང་ཁྱེད་ཐུགས་བདེར་མཛོད། ། ད་ལྟ་མ་ཁྱེད་མཇལ་དུ་མེད་ན་ཡང༌། ། ཕ་མ་གཉིས་ཀའི་འོས་འགན་སྒྲུབ་མཛད་པའི། ། ཁྱེད་ཀྱི་ཚེ་གྲོགས་ང་ཡི་ཨ་ཕ་་ཡི། ། བཀའ་དྲིན་བསྐལ་པའི་བར་དུའང་མཇལ་མི་ནུས། ། དེ་རིང་ག་ཟླ་བའི་བཅོ་ལྔ་འདིར། ། གསོལ་འདེབས་འདོན་པའི་རྟ་དབྱངས་སྙན་ལྷང་ལྷང༌། ། འདི་ན་མཆོད་མེ་རླབས་དམར་ལམ་ལམ། ། གང་ཁྱེད་བཞིན་རས་དུང་ཟླ་གསལ་ལྷམ་ལྷམ། ། མི་མངོན་དབྱིངས་སུ་བཞུགས་པའི་ཨ་མ་ལགས། ། ས་མཐའི་བུ་ཆུང་ཁོ་བོར་གཟིགས་ལགས་སམ། ། ཁྱེད་ཀྱིས་བུ་ཆུང་གཅིག་པུ་དཔལ་རྒྱལ་གིས། ། ཕུལ་བའི་འཕྲིན་ཡིག་འདི་ཀོ་གསན་ལགས་སམ། ། ༢༠༠༧ ༦ ༡ ཉིན་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་མཚན་མོར་ཆུ་ཚོད་ ༡༠ ཐོག་ ས་མཐའི་དྭ་ཕྲུག་བེ་རི་དཔལ་ལྡན་རྣམ་རྒྱལ་བས་ཕུལ། བསྟོད་ཚོགས་མེ་ཏོག་ཚོམ་བུ། སྐུ་ཚེ་བརྟན་གྱུར་ཅིག གང་གི་ཞབས་སེན་གང་ལ་རེག་ཙམ་གྱིས། ། སྐྱེས་རྒུའི་བསོད་ནམས་དཔལ་དུ་བསྒྱུར་མཛད་པའི། ། ཞི་བདེའི་དེད་དཔོན་གངས་ཅན་མགོན་པོ་ཁྱེད། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། མུ་མཐའ་བྲལ་བའི་སྐུ་རབས་འཕྲེང་བ་རུ། ། བསྟན་དང་འགྲོ་བའི་དོན་དུ་སྤྲུལ་བའི་གར། ། ཅི་དགར་རོལ་བའི་རང་ཅག་ཡོངས་ཀྱི་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། ཡང་བསྒོས་སྨག་རུ་འཐིབས་པའི་བོད་ཡུལ་དུ། ། སྔོན་གྱི་ཐུགས་བསྐྱེད་ཇི་བཞིན་བོད་འབངས་རྣམས། ། ཡང་དག་ལམ་དུ་འདྲེན་མཛད་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཞིས་སུ་བརྟན་གྱུར་ཅིག ། གང་ལ་གང་འདོད་དེ་ལ་དེ་བཞིན་དུ། ། རྒྱལ་བློན་ལོ་པཎ་ལ་སོགས་སྤྲུལ་བའི་གར། ། སྒྱུར་མཛད་ང་ཡི་བླ་མ་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེ་གཤིས་སུ་བརྟན་གྱུར་ཅིག ། མ་རུང་འདུལ་དཀའི་སྙིགས་དུས་འགྲོ་བ་རྣམས། ། ཐུགས་རྗེའི་ཡུལ་ལས་ནམ་ཡང་མི་འདོར་བར། ། བྱམས་པས་བུ་བཞིན་སྐྱོང་བའི་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། ཀླ་ཀློའི་དཔུང་གིས་ས་མཐར་སྤྱུགས་ན་ཡང༌། ། སྙིང་སྟོབས་དབུགས་ཀྱི་རྒྱུ་བ་མ་ལྷོད་བར། ། ཞུམ་མེད་ལྷག་བསམ་འབར་བའི་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། རྒྱུས་མེད་ས་མཐའི་ཡུལ་གྱི་གྲུ་ཁ་འདིར། ། མཛད་འཕྲིན་གཟི་འོད་འབར་བའི་འོད་སྣང་གིས། ། ཀུན་གྱི་བློ་མུན་འཇོམས་པའི་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། ཚན་རྩལ་རིག་པའི་ཟང་ཟིང་ཡོ་ལང་གིས། ། གཡོ་བའི་དེངས་རབས་གསར་བའི་ལུས་ཅན་ལ། ། ཆོས་ཀྱིས་ཞི་བར་མཛད་པའི་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། ཕྱི་ཡི་བདེ་སྐྱིད་སྒྲུབ་པའི་རིག་གསར་དང༌། ། ནང་གི་གཏན་བདེ་སྒྲུབ་པའི་དམ་པའི་ཆོས། ། འགལ་མེད་ཟུང་དུ་འབྲེལ་བའི་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། འཛམ་གླིང་ཆེ་རྒུ་ཀུན་གྱིས་གང་ཁྱེད་ཞལ། ། སྐར་ཆ་གཅིག་ལའང་མཇལ་བའི་རེ་སྒུག་ཅིག ། འབུལ་ཡུལ་ང་ཡི་སྐྱབས་གཅིག་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། མདོར་ན་ཕྱོགས་བཅུའི་རྒྱལ་བ་ཀུན་འདུས་པའི། ། མི་ཡི་གར་དུ་ཤར་བའི་གངས་ཅན་མགོན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ནས། ། མཛད་འཕྲིན་གཟི་འོད་ཀུན་ཏུ་འབར་གྱུར་ཅིག ། ཉམ་ཐག་གནས་སུ་གྱུར་བའི་བོད་འབངས་འགྲོ། ། སྐྱབས་དང་མགོན་དང་དཔུང་གཉེན་ཁྱེད་ཉིད་ལས། ། གཞན་ཞིག་གང་དུའང་འཚོལ་བར་མི་ནུས་པས། ། གང་ཁྱེད་སྐུ་ཚེ་ཡུན་དུ་བརྟན་གྱུར་ཅིག ། སྙིང་ན་སྐྱོ་གདུང་འབར་བའི་འོ་འདོད་ཀྱིས། ། གསོལ་འདེབས་ཚིག་གསུམ་འདི་ན་ཞུས་ཡོད་པས། ། གང་ཁྱེད་སྙན་གྱི་དབང་པོས་གསན་ཡོད་ན། ། སྐུ་ཚེ་རྡོ་རྗེའི་གཤིས་སུ་བརྟན་གྱུར་ཅིག ། དཔལ་དང་འབྱོར་བའི་ཚོགས་ཀྱིས་ཕོངས་ན་ཡང༌། ། དབྱིན་བོད་ཤེས་བྱ་རིག་པའི་ཡོན་ཏན་གྱིས། ། ཕྱུག་པའི་གངས་ཅན་ལྗོངས་ཀྱི་སྙན་ངག་པ། ། བེ་རི་སྨྱོན་ཕྲུག་ཁོ་བོས་ཤར་མར་སྤེལ། ། ༢༠༠༧ ༡ ༣ ཉིན་ྋགོང་ས་མཆོག་འབྲས་སྤུངས་ཚོགས་ཆེན་དུ་བཀའ་ ཆོས་ཟབ་མོ་སྩལ་སྐབས་བྲིས། དགེ་འདུན་ཆོས་འཕེལ། ང་ཁྱེད་མཇལ་ན་འདོད། ཚ་རླབས་གཤེད་དུ་འབར་བའི་ལྷོ་མཐའ་འདིར། ། དགེ་ཆོས་གསུང་འབུམ་ལག་ཏུ་འཆང་བྱས་ཏེ། ། རེ་རེ་བཞིན་དུ་ཐར་ཐོར་བཀླགས་པའི་རྗེས། ། དགའ་སྐྱོ་འདྲེས་མའི་ཚོར་འདུས་སྙིང་ཁམས་བརླན། ། མཁས་དབང་གང་གི་མཚན་དང་རྣམ་པ་ཐར། ། བྱིས་པའི་དུས་ནས་གསལ་བར་ཐོས་མྱོང་ཡང༌། ། གང་གི་ལེགས་པར་བཤད་པའི་བདུན་རྩིའི་རྒྱུན། ། མྱོང་བའི་སྐལ་བཟང་ད་ལྟ་གཞིས་ནས་རྙེད། ། མཁས་གྲུབ་སྟོང་གིས་བཀབ་པའི་གདན་ས་འདིར། ། སྙིང་ནས་དད་པའི་བླ་མ་མང་བཞུགས་ཀྱང༌། ། གང་གི་ལེགས་བཤད་མཇལ་བའི་དུས་དེ་ནས། ། དད་པའི་ཞིང་ཀུན་ཁྱེད་ཀྱིས་དབང་བར་གྱུར། ། གང་གི་ལེགས་བཤད་མཐོང་བས་དགའ་ལྷང་ལྷང༌། ། ད་ལྟ་མཇལ་དུ་མེད་པས་སྐྱོ་ལྷང་ལྷང༌། ། ཡང་ཡང་སེམས་སུ་འཆར་བས་དྲན་ལྷང་ལྷང༌། ། གང་ཏུ་བཞུགས་སམ་ང་ཡི་བླ་མ་ཁྱེད། ། རྗེས་ལུས་འདམ་དུ་བྱིངས་པའི་གངས་ལྗོངས་སུ། ། རང་རིགས་ཞེན་པ་དཀར་པོའི་སྙིང་སྟོབས་ཀྱིས། ། དེང་རབས་དཔལ་ཡོན་གསར་པའི་སྒྲོན་མེ་ཆེ། ། སྨག་རུམ་མུན་པའི་ཀློང་ནས་མཁའ་རུ་བཏེགས། ། དེ་ལྟར་ན་ཡང་སྐུ་དྲག་བླུན་པོ་ཚོས། ། མུན་ནག་བཙོན་གྱི་དོང་དུ་བརྫངས་བྱས་པས། ། ད་ལྟའི་དུས་སུ་བོད་རིགས་སེམས་ལྡན་ཀུན། ། སྐྱོ་བའི་དབུགས་རིང་མི་འབྱིན་སུ་ཡང་མེད། ། རྒྱང་རིང་གི་རྒན་རིན་པོ་ཆེར་ཕུལ་བ། ལུགས་གཉེས་ཤེས་བྱའི་གནས་ལ་གཟིགས་པ་ཡི། ། སྤྱན་དཀྱུས་ཨུཏ྄པ་ལ་ལོ་འདབ་རབ་ཡངས་པའི། ། འཇིགས་མེད་སྨྲ་བའི་དབང་ཕྱུག་གང་དེའི་དྲུང༌། ། ཚིག་གསུམ་ཞུ་བ་འབུལ་གྱི་གསན་དུ་གསོལ། ། སྤྱི་དོན་སྒྲུབ་པའི་ལས་ཀྱི་བྲེལ་བ་ཡིས། ། ལུས་སེམས་ལྷོད་ཀྱིས་གནས་པའི་སྐལ་བྲལ་ཡང༌། ། སྐུ་གཟུགས་དཔག་བསམ་ལྗོན་དབང་རབ་བརྟན་ཅིང༌། ། མཛད་འཕྲིན་ལོ་འདབ་རྒྱས་བཞིན་བཞུགས་ཡོད་ཤག ། རྒན་ཉིད་བདེ་བར་བཞུགས་པའི་ཚིག་འབྲུ་རེ། ། གུས་སློབ་རྣ་བའི་བུ་གར་རྒྱུ་ཙམ་གྱིས། ། མ་འདྲེས་དད་གསུམ་སེམས་ཀྱི་ནམ་མཁའ་རུ། ། དགའ་སྤྲོའི་རྒྱུ་སྐར་འབུམ་ཕྲག་གསར་དུ་བསྐྲུན། ། གང་སློབ་གྲལ་མཐར་འཁོད་པའི་ཐ་ཤལ་ང༌། ། ཚོགས་ཆོས་སློབ་གཉེར་བྲེལ་བའི་འདུ་འཛིའི་འོག ། རྒན་གྱི་བསླབ་བྱ་སེམས་དབུས་ཉར་བྱེས་ཏེ། ། ཐར་ཐོར་རྩོམ་ཡིག་འགའ་རེ་འབྲི་བཞིན་མཆིས། ། ཡོད་ཚད་མགོ་རྟིང་སློག་པའི་འཇིག་རྟེན་འདིར། ། ཇི་ཙམ་བསམས་ཀྱང་སྙིང་པོ་མི་འདུག་ཀྱང༌། ། སྨྱུག་གུའི་རྩེ་ནས་ངུ་སྐད་ཤོར་བཞིན་དུ། ། མི་ཚེ་བསྐྱལ་དགོས་བྱུང་འདི་ལས་ཡིན་སྙམ། ། སྔན་བྱོན་སྙུག་ཐོགས་དབང་པོ་དེ་དག་གིས། ། རྒྱལ་ཁབ་དང་ནི་མི་རིགས་བཅས་ཀྱི་སླད། ། ཤིན་ཏུ་གཅེས་པའི་རང་སྲོག་དམར་པོ་ཡང༌། ། སྙུག་གུའི་རྩེ་ནས་ཤོར་བ་གྲགས་ལགས་ན། ། ངེད་ཅག་རྣམས་ཀྱིས་རང་གི་རྒྱལ་ཁབ་ཆེད། ། གཅེས་པའི་རང་སྲོག་གཏོང་བ་མི་ཕོད་ཀྱང༌། ། འཛམ་གླིང་སྤྱི་ཡི་ཞི་བདེའི་ཁོར་ཡུག་དང༌། ། སྤུན་ཟླ་མང་པོའི་རང་དབང་ལ་བསམ་ནས། ། གཤེན་རྗེ་རྒྱལ་པོའི་མགྲོན་ཤོག་མ་སླེབས་པར། ། ཆེ་ས་སྐུབ་སྟེགས་ཐོག་ནས་མ་མཇོན་ཡང༌། ། མི་མངོན་སྨོན་ལམ་ཚུན་ཆད་བཏབ་བྱས་ཏེ། ། ཡོད་ཚད་བོད་དོན་ཆེད་དུ་འབུལ་དགོས་དྲན། ། གངས་ཅན་མགོན་པོའི་མཛད་འཕྲིན་ཉི་ཟེར་འོག ། གངས་ཅན་བོད་ཀྱི་བདེན་མཐའ་སེལ་བ་དང༌། ། གངས་རིའི་དབུས་ཀྱི་རིག་པའི་སེང་གེ་གང༌། ། གངས་ཀྱི་རི་བོ་བཞིན་དུ་བརྟན་གྱུར་ཅིག ། ཉིན་མཚན་ཀུན་ཏུ་སྨྱུག་རྩལ་སྒེག་མོ་ལ། ། དམ་དུ་འཁྱུད་པའི་བེ་རི་སྨྱོན་ཕྲུག་ངས། ། རྒན་མཆོག་དྲན་པའི་གདུང་བ་མ་བཟོད་ནས། ། སྐྱོ་གདུང་སྙུག་གུའི་རྩེ་ནས་འདི་ལྟར་ཐལ། ། ༢༠༠༦ ༣ ༣༠ ཉིན་ཕྱག་ཁང་དུ། བོད་ཀྱི་བུད་མེད་ངོ་མ། བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་ཕུལ། ཁ་བའི་ལྗོངས་སུ་བཞུགས་པའི་རྩོམ་པ་བོ། ། འོད་ཟེར་ཞེས་ཏེ་མཚན་གྱི་སྙན་པ་དེ། ། སྔ་མོ་ཞིག་ནས་ཐོས་སྐལ་བྱུང་ན་ཡང༌། ། འདྲ་པར་ཙམ་ཡང་མཇལ་སྐལ་བྱུང་མ་གྱུར། ། དེ་རིང་གློག་ཀླད་དལ་གྱིས་སྒོ་ཕྱེ་ནས། ། འཇམ་དབྱངས་ནོར་བུའི་དྲ་རྒྱ་ཀློག་པའི་སྐབས། ། གང་ཁྱེད་ཉེ་ཆར་བརྩམས་པའི་སྙན་ངག་ཅིག ། ཁོ་བོའི་མིག་གི་དགའ་སྟོན་ཟོལ་དུ་ཤར། ། དལ་གྱིས་བཀླགས་པས་དགའ་སྐྱོ་ཟུང་འབྲེལ་གྱིས། ། ཁོ་བོའི་སེམས་ཁམས་ཀུན་ཏུ་བརླན་པར་གྱུར། ། གཟན་གྱི་སྣེ་ཡིས་མིག་ཆུ་ཕར་ཕྱིས་ནས། ། ཁྱེད་ཀྱི་རྩོམ་ཡིག་གཞས་རྣམས་ཀློག་མགོ་བརྩམས། ། དེ་ལྟར་དེ་ལྟར་རིམ་བཞིན་བཀླགས་པའི་སྐབས། ། ཆུ་ཚོད་གསུམ་ཙམ་ཟིན་གྲབས་བྱས་འདུག་པས། ། སྟོད་འགག་ཨམ་ཕྲག་ནང་གི་སྒོར་མོ་ཡིས། ། རིན་པ་མི་འདངས་བསམ་ནས་ལོག་དགོས་བྱུང༌། ། ལྷ་སའི་འཇིགས་སྣང་ཞེས་པའི་སྙན་ངག་དེ། ། བོད་བསྒྱུར་བྱེད་དགོས་དྲན་ཏེ་མཚན་མོ་ཏུ། ། རང་ཤག་ནང་ནས་གང་ཁྱེད་དྲན་བཞིན་དུ། ། སྒྲོན་མོའི་འོག་ཏུ་དལ་གྱིས་བསྒྱུར་མགོ་བརྩམས། ། བེ་རི་སྨྱོན་ཕྲུག་ཅེས་བྱའི་སེང་གེའི་བུ། ། དབྱིན་བོད་རིག་པའི་གཞུང་ལུགས་དུ་མ་ལ། ། འཆད་རྩོད་རྩོམ་པའི་གཤོག་ཟུང་ཅུང་རྒྱས་ནས། ། གཞུར་ལྡིང་རྩེན་པའི་ངོ་ནོངས་མི་དགོས་ཀྱང༌། ། རྒྱ་ཡིག་སྦྱང་པའི་སྐལ་བ་མ་ཐོབ་པས། ། ཁྱེད་ཀྱི་རྩོམ་ཡིག་གཞན་རྣམས་ཀློག་མ་ཐུབ། ། དེ་ལྟར་ན་ཡང་དབྱིན་བསྒྱུར་བྱས་པ་རྣམས། ། ཀློག་གིན་ཀློག་གིན་ངའི་སེམས་ཅི་ཡང་སྤྲོ། ། ལར་ཞེན་འབུམ་གྱིས་སེམས་ཁམས་ཡོངས་བཟུང་བའི། ། གངས་རི་རྒྱབ་ཀྱི་ངེས་དོན་རྩོམ་པ་པོ། ། ང་ཡི་ཨ་ལྕག་ཚེ་རིང་འོད་ཟེར་ལགས། ། ཞུམ་མེད་སྙིང་སྟོབས་བཟུངསྟེ་ཐུགས་བདེར་བརྗོད། ། གངས་དཀར་རི་བོའི་ཉམས་རྒུད་ལོ་རྒྱུས་རྣམས། ། ག་ལེར་ཡིད་ལ་དྲན་ཚེ་སྐྱོ་གདུང་གིས། ། གས་ལ་ཁད་གྱུར་སྙིང་ཆུང་དམར་པོ་འདི། ། སྙིམ་པ་ཟུང་གིས་དལ་གྱིས་ཡར་ལ་སྐྱོར། ། སྙིང་ནས་ཟགས་པའི་ཕྲག་གི་ཐིགས་པ་དང༌། ། མིག་ནས་ལྷུང་བའི་མིག་ཆུའི་ཐིགས་པ་གཉིས། ། སྣག་ཚ་ནག་པོའི་ལྷན་དུ་བསྲེགས་བྱས་ཏེ། ། སྙན་ངག་འདྲ་མིན་དྲན་རྟེན་ཟོལ་དུ་བཞག ། བདེན་པའི་དོན་ལ་མཐའ་ཞིག་གསལ་ཡོང་ཞེས། ། ཆོས་སྲིད་ཀུན་གྱིས་རྟག་ཏུ་གླེང་བས་ན། ། གོ་ལ་ཟླུམ་པོའི་འཁོར་བསྐྱེད་ཅིག་གི་འོག ། ཁ་བའི་ལྗོངས་ལ་འོད་ཅིག་ལོས་འཕྲོ་ལགས། ། འོད་སྟོང་ལྡན་པའི་ཉི་མ་གཞོན་ནུ་ཞིག ། ངེད་ཅག་རྣམས་ཀྱིས་མིག་གིས་མ་མཐོང་བར། ། འཐབ་རྩོད་རྒྱུད་རིམ་འདི་ཡི་ལམ་ཁ་ནས། ། ཕྱི་མིག་ནམ་ཡང་མ་བལྟས་མདུན་བསྐྱོད་མཛོད། ། ༢༠༠༨ ༩ ༤ ཉིན་རང་ཤག་ཏུ་བྲིས། འོད་སྟོང་འབར་བའི་རྡོ་རིང་གསུམ། མཁས་དབང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་མཆོག བཅུ་ཕྲག་གཞུང་ལུགས་གང་གའི་ཆུ་རྒྱུན་རྣམ་དཔྱོད་ཟབ་མོས་ཧུབ་ཀྱིས་བཏུངས། ། ཐུན་གསུམ་མཚན་མོའི་མུན་པའི་ཀློང་དུ་སྔོན་མེད་ཟླ་བའི་འཛུམ་རླབས་ཀྱིས། ། མཐའ་ཡས་སློབ་མ་རྒྱ་མཚོ་ཆེ་རྣམས་བློ་གྲོས་མཐའ་རྒྱ་སྐྱེད་མཛད་པའི། ། འཇིགས་མེད་སྨྲ་བའི་དབང་ཕྱུག་ཁྱེད་ཀྱི་མཛད་རྗེས་ནམ་མཁའི་མཐའ་དང་འགྲོགས། ། རྒན་ངག་དབང་སྐལ་བཟང་མཆོག ངག་གི་དབང་ཕྱུག་སྙིང་ཁར་རོལ་ཞིང་རབ་འབྱམས་གཞུང་ལུགས་བང་མཛོད་ཀུན། ། དབང་དུ་བསྒྱུར་ཀྱང་ཁེངས་པས་མ་སྦགས་ལྷག་བསམ་སྤྲིན་གྱི་བ་གམ་ལས། ། སྐལ་ལྡན་སློབ་མའི་གདུལ་བྱའི་ཚོགས་ལ་ལེགས་བཤད་གྲུ་ཚར་བསྙིལ་མཛད་པའི། ། བཟང་པོའི་དགེ་རྒན་ཁྱེད་ཀྱི་སྐུ་དྲིན་སྟོང་གསུམ་ཁྱོན་འདིར་ཤོང་བར་དཀའ། ། རྒན་བརྩོན་འགྲུས་བཟང་པོ་མཆོག དེང་རབས་ཤེས་བྱའི་ནམ་མཁའི་གནམ་འཕང་མཚུངས་མེད་དབང་དུ་བསྒྱུར་མཛད། ། ངུར་སྨྲིག་རྒོས་ཀྱིས་སྤྲས་པ་མིན་ལྷག་བསམ་མགོ་རིམ་ལྟོང་ལས་ལྷག ། ལེགས་པར་བཤད་པའི་འོད་སྣང་དཀར་པོས་སློབ་བུའི་པད་དཀར་རྒྱས་མཛད་པའི། ། དྲིན་ཅན་དགེ་རྒན་བརྩོན་འགྲུས་བཟང་པོའི་ལྷག་བསམ་དཀར་པོ་བརྗོད་ལགས་འདས། ། གསོལ་འདེབས་སྨོན་ལམ། མཐའ་བྲལ་ཀུན་གསལ་ནམ་མཁའི་དབྱིངས་སུ་ཉི་ཟླ་སྐར་མའི་འོད་ཟེར་འཕྲོ། ། མཁས་མང་བློ་གླིང་སློབ་གྲྭ་འདི་རུ་ཁྱེད་ཅག་གསུམ་གྱི་གཟི་འོད་འབར། ། ཁྱེད་ཅག་གསུམ་གྱི་བཀའ་དྲིན་དྲན་ཚེ་དད་པའི་རླབས་ཕྲེང་མཁའ་ལ་འཕྱོ། ། དགེ་རྒན་ཁྱེད་གསུམ་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་སྙིང་གི་དབུས་ནས་ཕུལ། ། ༢༠༠༥ ༩ ༢༠ ༵༵ནོར་ལྡེ། ཐོག་བཀོད། དྲན་གདུང་གི་ངུ་འབོད། སྐུ་དྲིན་མཚུངས་མེད་བདག་གི་དགེ་རྒན་མཁས་དབང་བེ་རི་འཇིགས་མེད་ལ་ཕུལ། ལུགས་གཉིས་སྤྱན་གྱི་ཨཏ྄པལ་ལོ་འདབ་ཡངས། ། མཚན་སྙན་འོད་ཞགས་འཛམ་གླིང་མཐའ་ནས་འཁྱུད། ། འཇིགས་མེད་སྨྲ་བའི་དབང་ཕྱུག་གང་དེ་ཡི། ། ཞབས་རྡུལ་གཙུག་གི་སྤྱི་བོའི་རྒྱན་དུ་བསྟེན། ། འདི་ན་ཁྱེད་ཀྱི་ཐུགས་རྗེའི་འོད་རླབས་ཀྱིས། ། འཚོ་བའི་ཉམ་ཆུང་སློབ་མ་ཁོ་བོ་ཡིས། ། དྲང་གདུང་སྙིང་གི་བུམ་པར་མ་ཤོང་ནས། ། གདུང་འབོད་འདི་ཀོ་སྙུག་གུའི་རྩེ་ནས་ལུད། ། རྒྱུས་མེད་མི་ཡུལ་ས་མཐའི་གྲུ་ཁ་འདིར། ། སུ་དང་གང་གི་མགོན་སྐྱབས་མ་མཛད་པར། ། ཤུལ་དུ་ལུས་པའི་ད་ཕྲུག་ཉམ་ཆུང་ངའི། ། འཕྲིན་ཡིག་འདི་ཉིད་སྙན་གྱིས་གསན་པར་མཛོད། ། མིག་གི་ཡོལ་བ་ག་ལེར་ཚུར་རྒྱབ་ནས། ། བསམ་གཞིགས་ཀློང་དུ་དལ་གྱིས་ཉུལ་བའི་སྐབས། ། མངར་སྐྱུར་འདྲེས་མའི་འདས་དོན་བྱུང་བ་འགའ། ། བསམ་བློའི་ངོས་སུ་གློག་བརྙན་བཞིན་དུ་ཤར། ། སྣ་ལུད་ཅན་གྱི་བྱིས་པ་གསར་བུ་ང༌། ། སློབ་དཔོན་ཁྱེད་ཀྱི་བརྩེ་བས་རྗེས་བཟུང་སྟེ། ། ཀ་ཁ་མགོ་ནས་སློབ་པའི་ཚུལ་བསམ་ཚེ། ། དད་གུས་སྤྲོ་བའི་མིག་ཆུ་ཆར་དུ་ལྷུང༌། ། དེ་སྐབས་གུས་པས་སྐུ་དྲིན་མ་བསམས་ནས། ། ལྐོག་ལྐོག་སུལ་ནས་མིག་ལོག་བལྟས་འདུག་པས། ། ད་ལྟར་དྲན་དུས་འགྱོད་གདུང་མིག་ཆུའི་ཐིགས། ། འཁུར་ཚོས་ངོས་སུ་འཚང་ཁའི་འགྲན་བསྡུར་ཞིག ། དེང་གི་དུས་སུ་བེ་རི་སྨྱོན་ཕྲུག་ཅེས། ། དབྱིན་བོད་རིག་པའི་གཞུང་ལུགས་དུ་མ་ལ། ། འཇུག་པའི་གཤོག་ཟུང་ཅུང་ཟད་སྐྱེས་པ་འདིའང༌། ། སློབ་དཔོན་ཁྱེད་ཀྱི་སྐུ་དྲིན་ཉིད་དུ་འཁུམས། ། སློབ་དཔོན་ཆེན་པོའི་ཐུགས་རྗེའི་བྱིན་རླབས་དང༌། ། ཡབ་ཆེན་དམ་པའི་བཀའ་དྲིན་ཟུང་ལ་བརྟེན། ། ལོ་མཉམ་མཛའ་གྲོགས་ཀུན་གྱི་གྲལ་གསེབ་ཏུ། ། ཞུམ་པའི་མགོ་བོ་ནམ་ཡང་སྨད་མ་མྱོང༌། ། དེ་ལྟ་ན་ཡང་ཚེ་སྔོན་ལས་ངན་གྱིས། ། ཡབ་ཆེན་དམ་པ་གློ་བུར་གཤགས་གྱུར་ནས། ། མགོན་སྐྱབས་མེད་པའི་ཁེར་རྐྱང་ཤུལ་ལམ་དུ། ། སྐྱོ་གདུང་ཚོ་ངེ་ཤོར་བ་ཉུང་ཉུང་མིན། ། དམར་འབྱར་དུས་ནས་ཁྱིམ་ཚང་ནང་ནས་ཕུད། ། གཞན་གྱི་ཁྱིམ་ཚང་འོག་ཏུ་སྒོ་ཟོག་ལྷན། ། ལྟོ་སྐྱ་གོས་ཧྲུལ་དབུལ་བོའི་འཚོ་བ་བསྐྱལ། ། འདི་དག་ལས་ངན་ཅི་ཡི་འབྲས་ཡིན་སྙམ། ། དཀའ་སྡུག་ཚོར་བ་མང་དུ་མྱངས་པའི་རྗེས། ། ཡུམ་ཆེན་དམ་པ་འཆི་བདག་བཙོན་དུ་ཁྲིད། ། མ་མེད་ད་ཕྲུག་འཁྱམ་པའི་གྲལ་མཐའ་དེར། ། ཐལ་འཚུབ་ཁྲོད་དུ་ངུ་འབོད་ཅི་ཡང་ཤོར། ། བྱིས་པའི་ནུ་ཐག་མ་ཆད་གོང་ནས་ནི། ། རང་གི་ཕ་སའི་ཡུལ་དང་ཁ་བྲལ་ནས། ། ཨ་ཕ་དྲིན་ཆེན་དེ་ཡི་ཕྲག་པ་རུ། ། འཛེགས་ནས་རྒྱ་གར་ལུང་པར་ལས་ཀྱིས་སླེབས། ། ཨ་ཕ་རྒན་པོའི་ཕུགས་བསམ་མ་གྲུབ་གོང༌། ། ང་ཡིས་ཨ་ཕའི་དྲིན་ལན་མ་མཇལ་གོང༌། ། ཡབ་ཆེན་དམ་པ་གློ་བུར་གྲོངས་པ་འདི། ། ལན་གཅིག་དྲན་པས་སེམས་སུ་ན་ཟུག་ཟབ། ། དེ་ལྟ་ན་ཡང་མིག་ཆུའི་ཐིགས་པ་རེ། ། ཉམས་མྱོང་རྒྱ་མཚོའི་ནང་དུ་བླུགས་བྱས་ཏེ། ། ངེས་མེད་མ་འོངས་མདུན་ལམ་རབ་རིབ་ནང༌། ། འོད་སྟོང་ལྡན་པའི་མི་ཚེ་བསྐྱལ་ན་འདོད། ། དེ་ལྟར་བསམ་པའི་དྲན་གྱུ་རྒོན་ན་ཡང༌། ། ད་ལྟ་ཁོ་བོ་ཁ་སྟབས་འདི་འདྲ་ཡིས། ། ནམ་ཡང་ཡོང་ཐབས་མེད་པ་འདི་བསམ་ཚེ། ། སེམས་ཤུགས་བྱེ་མའི་ཁང་པ་དལ་གྱིས་ཞིག ། མདོར་ན་ཉམ་ཆུང་ད་ཕྲུག་ཁོ་བོ་ཡི། ། སྐྱབས་དང་མགོན་དང་དཔུང་གཉེན་འདྲེན་པ་མཆོག ། སློབ་དཔོན་ཁྱེད་ལས་གཞན་དུ་མ་མཆིས་པས། ། ཐུགས་བརྩེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། ། གང་གི་བཀའ་སློབ་ཉི་མའི་འོད་སྟོང་གིས། ། ཁོ་བོའི་མདུན་ལམ་ཡོངས་སུ་གསལ་མཛད་ནས། ། བེ་རི་སྨྱོན་ཕྲུག་ཅེས་བྱའི་སློབ་མ་འདི། ། ཀུན་ལས་ཁྱད་དུ་འཕགས་པར་འགྱུར་བར་ཤོག ། ཅེས་པའི་སྨོན་ཚིག་ཐུང་ངུས་མཚམས་སྦྱོར་ཏེ། ། ལྷོ་མཐར་ལུས་པའི་གང་ཁྱེད་སློབ་མ་སྟེ། ། བེ་རི་སྨྱོན་ཕྲུག་ཅེས་བྱའི་ད་ཕྲུག་ངས། ། གུས་ཕྱག་དང་བཅས་ཟླ་ཚེ་བཟང་པོར་ཕུལ། ། ༢༠༠༨ ༤ ༢༤ ཉིན། མགྱོགས་བྲིས་སྤྲིན་གྱི་བ་གམ། མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་གཙུག་ལག་ཁང་ གསར་བཞེངས་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་དུ། བཤད་དང་སྒྲུབ་པ་ཡ་མ་བྲལ་བའི་ཐུབ་པའི་དམ་ཆོས་ཟབ་མོ་དེ།། ཕྱོགས་མཐའ་ཀུན་ཏུ་འཛིན་སྐྱོང་སྤེལ་ལ་རྒྱན་དྲུག་པན་ཆེན་ཇི་བཞིན་དུ།། མཁས་གྲུབ་བྱེ་བས་ཡོངས་སུ་ཁེངས་པའི་བློ་གསལ་གླིང་གི་ཆོས་སྡེ་འདིའི།། སྙན་དང་གྲགས་པ་འབར་བའི་གཟི་ཡིས་ས་གསུམ་འཇིག་རྟེན་ཡོངས་སུ་གཡོས།། དམར་པོའི་དམག་གིས་དམར་དར་བསྒྲེངས་ནས་གངས་རི་དམར་པོ་བསྒྱུར་བའི་སྐབས།། བླ་ཆེན་ཕལ་ཆེར་བླ་ནས་ཕབ་ནས་བླ་མའི་གསེར་ཁྲི་བཤིགས་པའི་སྐབས།། མི་མང་ཀུན་ལ་མི་སྤྱོད་འདས་པའི་མི་གསོད་ལས་འགུལ་རྩོམ་པའི་སྐབས།། ྋསྐྱབས་མགོན་ཆེན་མོ་སྐྱབས་ཡུལ་འཚོལ་ནས་སྐྱབས་བཅོལ་ཡུལ་དུ་ཕེབས་པའི་སྐབས།། ཆོས་སྡེ་འདི་ཡང་འབར་རྫས་འོག་ནས་གས་ཆག་དྲག་པོ་བྱུང་ན་ཡང༌།། ྋགོང་ས་ཆེན་པོའི་དྲིན་ལ་བརྟེན་ནས་འཕགས་ཡུལ་མོན་གྷོ་འདོད་གླིང་དུ།། བསྐྱར་འཛུགས་བྱས་ནས་བཤད་སྒྲུབ་འཆད་ཉན་སྔར་ལས་ལྷག་པར་འཕེལ་གྱུར་བས།། བློ་གསལ་གླིང་གི་མཚན་གྱི་སྙན་པ་དད་ལྡན་རྣ་བའི་དཔྱིད་དུ་ཤར།། ཉི་ཟླ་སྐར་མའི་ཚོགས་རྣམས་ཀྱིས་ཀྱང་དཔེ་ཡི་མཚོན་བྱེད་མི་ནུས་པའི།། འཇམ་མགོན་རྒྱལ་བའི་གདུང་འཚོབ་དང་ནི་ཤར་བྱང་ཆོས་རྗེ་རྣམ་གཉིས་དང༌།། སྟོད་སྨད་རྒྱུད་པའི་མཁན་ཁྲི་ལ་སོགས་དགེ་ལྡན་གསེར་ཁྲི་ཕལ་མོ་ཆེ།། བློ་གླིང་མཁས་པས་བཟུང་འདུག་ཅེས་བྱའི་རྒྱལ་བའི་བསྔགས་པ་ཅི་ཡང་བདེན།། དེ་བཞིན་ཟམ་གདོང་པན་ཆེན་ལ་སོགས་བློ་གླིང་མཁས་དབང་དུ་མ་ཡིས།། བཀའ་སྤྱི་གསེར་ཁྲི་ཡོངས་སུ་བཟུང་སྟེ་རང་གཞུང་སྲི་ཞུ་སྒྲུབ་པ་སོགས།། མདོར་ན་རང་ཅག་གངས་ཅན་པ་ཡི་ཆོས་དང་སྲིད་ཀྱི་རྒྱལ་མཚན་ཀུན།། བློ་གླིང་པ་ཡིས་སྒྲེང་བཞིན་འདུག་པས་གཟུར་གནས་མཁས་པས་གཟིགས་ན་ཤེས།། འདི་ཀོ་སེམས་སུ་དྲན་པ་བྱས་ནས་ཁེངས་པའི་འུར་བསྟོད་མ་ཡིན་གྱི།། ྋགོང་ས་མཆོག་གི་སྐུ་ཕྲེང་ཀུན་དང་དགའ་ལྡན་ཕོ་བྲང་སྲིད་གཞུང་ལ།། སྔ་ནས་ད་བར་བློ་གླིང་པ་ཡིས་ཞབས་འདེགས་ཚུལ་བཞིན་བསྒྲུབས་ཡོད་པས།། འདི་ཀོ་སྐྱབས་མགོན་རྒྱལ་བའི་དབང་པོ་དགྱེས་པའི་མཆོད་སྤྲིན་དངོས་ཡིན་སྙམ།། དཔལ་དང་འབྱོར་པའི་ཡོ་ལང་ཆེ་བའི་བཙན་བྱོལ་སྤྱི་ཚོགས་འདི་ཡི་ནང༌།། བླ་སྤྲུལ་ཁ་ཤས་ཕྱི་རྒྱལ་འཕུར་ནས་ཆོས་ཚོགས་བཙུགས་པའི་འགྲན་བསྡུར་ཆེ།། གྲྭ་རྐྱང་ཁ་ཤས་ཕྱི་རྒྱལ་ཐར་ནས་གསང་སྤྱོད་བཀྲུ་བའི་འགྲན་བསྡུར་ཆེ།། བུ་མོ་ཁ་ཤས་ཕྱི་རྒྱལ་འཐེན་ནས་རང་ལུས་བཙོང་བའི་འགྲན་བསྡུར་ཆེ།། ཁ་ཤས་གསེར་སྐུ་ཆེན་པོ་བཞེངས་ནས་གཞན་ལ་ངོམ་པའི་འགྲན་བསྡུར་ཆེ།། ཁ་ཤས་འདུ་ཁང་རྫིག་པོ་རྒྱབ་ནས་གྲགས་པ་འཚོལ་བའི་འགྲན་བསྡུར་ཆེ།། མདོར་ན་འདི་ཀོ་ཕལ་མོ་ཆེ་ཞིག་འགྲན་བསྡུར་ཡོ་ལང་འཚུབ་མོའི་འོག། ཆོས་འབག་གྱོན་པའི་ཟློས་གར་ཙམ་ལས་ཆོས་ཀྱི་བྱ་བ་ཨེ་ཡིན་སྙམ།། འོན་ཏེ་བློ་གླིང་དགེ་འདུན་སྡེ་འདི་ཡར་ངོའི་ཟླ་ལྟར་འཕེལ་གྱུར་བས།། འདུ་ཁང་རྙིང་པར་མ་ཤོང་ན་ཡང་ཆོག་ཤེས་བྱས་ནས་བསྡད་པའི་སྐབས།། ྋགོང་ས་མཆོག་གིས་འདུ་ཁང་གསར་བཞེངས་དགོས་ངེས་བཀའ་སློབ་ཕེབས་གྱུར་བས།། འབྱོར་ལྡན་འགའ་ཡི་མཐུན་འགྱུར་འོག་ནས་འདུ་ཁང་འདི་ཉིད་གསར་དུ་བཞེངས།། ཨེ་མ་ཕྱི་རོལ་གཙུག་ལག་ཁང་གི་གཟི་འོད་འབར་བའི་རྒྱས་སྤྲོས་དང༌།། སྙིགས་མའི་དུས་ཀྱི་མཐའ་མ་འདིར་ཡང་ཐོས་བསམ་སྒོམ་པའི་སྐལ་བ་འདི།། ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པའི་སྐུ་དྲིན་ཉག་ཅིག་ཡིན་ལགས་ན།། རྒྱལ་དབང་མཆོག་ཉིད་སྐུ་ཚེ་བརྟན་པའི་གསོལ་འདེབས་སྨོན་ལམ་ལོས་ཞུ་ལགས།། བློ་གསལ་རྩོམ་རིག་དགའ་ཚལ་ཐོག་བཀོད། ལྷོ་མཐའ་ནས་ཕུལ་བའི་གདུང་དབྱངས། དགེ་བཤེས་བསོད་ནམས་ཕུན་ཚོགས་སྐུ་ཞི་བར་གཤེགས་པའི་རྗེས་དྲན་དུ། དབུལ་ཕྱུག་བར་སྟོང་ཞན་ལས་ཆེ་བའི་མང་བཟང་ནང་གི་གྲོང་ཚེ་དེར། ། སྣ་ལུད་སྦགས་པའི་ལྤགས་ཚགས་གྱོན་ནས་ཕག་རྫི་ཆུང་ཆུང་བྱས་སྐབས་ནས། ། དགེ་བཤེས་བསོད་ནམས་ཞེས་བྱའི་མཚན་སྙན་རྣ་བའི་བུ་གར་རྒྱུ་དང་ལྷན། ། དད་པའི་མེ་ལྕེ་ལྷག་པར་འབར་ཞིང་ཁྱེད་ཞལ་མཇལ་བའི་སྐལ་བ་སྨིན། ། ཤེས་ཡོན་སྦྱོང་བའི་ན་ཚོད་མ་ཟིན་བློ་རིག་ཁོ་ལག་མ་རྫོགས་པས། ། གང་ཁྱེད་གསེར་ཞལ་མཇལ་བ་ཙམ་ལས་ཁྲིད་དང་དབང་ལུང་ཞུས་མ་མྱོང༌། ། ཕྱག་གིས་མགོ་ལ་བྱིལ་བྱིལ་གནང་ནས་དགྱེས་པའི་འཛུམ་མདངས་བསྟན་ཙམ་ལས། ། བླང་དོར་བཀའ་ཆོས་གནང་མྱོང་མེད་ཀྱང་དད་པའི་རྡོ་རིང་སེམས་ལ་བཞག ། དུས་དང་ལས་ཀྱི་འགྱུར་འགྲོས་ཤིག་གིས་རྒྱུས་མེད་ས་མཐར་དེད་པའི་རྗེས། ། ལོ་ཟླའི་འཕྲེང་བ་འགའ་ཤས་འཁོར་མཚམས་ཁྱེད་ཉིད་འདི་རུ་ཕེབས་འདུས་ཅེས། ། དྲི་བཞོན་བསིལ་བོ་རྒྱུ་བའི་ལྷན་དུ་གཏམ་བཟང་སྙན་པོ་ཐོས་བྱུང་བས། ། དགའ་དད་སྤྲོ་བའི་རླབས་ཕྲེང་འཕྱུར་ནས་ཁྱེད་ཞལ་མཇལ་བར་ཀུན་ཏུ་བྲེལ། ། དད་གདུང་དྲན་གདུང་ལྷན་དུ་འདྲེས་པའི་མིག་ཆུས་སྙིམ་པ་ཡོངས་བཀང་སྟེ། ། གང་ཁྱེད་གསེར་ཞལ་ཟླ་བའི་དཀྱིལ་འཁོར་མཇལ་ཁའི་གྲལ་དུ་འཚང་ཞིང་སྒུག ། བྱིན་དང་གཟི་ཡི་འོད་རླབས་འབར་ཞིང་མཛུམ་པའི་མདངས་ཀྱིས་ཡོངས་ཁེངས་པའི།། ཁྱེད་ཞལ་ལན་གཅིག་མཇལ་བ་ཙམ་གྱིས་སྐྱོ་གདུང་མུན་པ་ཡོངས་སུ་བསལ། ། དད་པ་དམ་ཚིག་གཡོ་མེད་ངང་ནས་གསུང་ཆོས་བཀའ་དྲིན་བསྩལ་མཛད་པས། ། བྱེས་འབྱོར་གང་ཁྱེད་སློབ་བུའི་ཚོགས་རྣམས་དགའ་བའི་ཅ་ཅོ་ཤོར་དང་ལྷན། ། དད་གདུང་མཆི་མས་འཁུར་ཚོས་བརླན་ཞིང་དད་པའི་སྙིང་པ་བྲང་ལ་སྦྱོར། ། དཔོན་སློབ་མཛོམས་པའི་དགའ་སྟོན་འདི་ཀོ་མི་ཚེའི་དྲན་རྟེན་དངོས་ཡིན་སྙམ། ། ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་ཁྱེད་ཉིད་བོད་ལ་ཕྱིར་ཕེབས་ཏེ། ། བསྟན་འགྲོ་སྐྱོངས་ཤིག་ཅེས་པའི་བཀའ་ཡི་མེ་ཏོག་སྤྱི་བོའི་རྒྱན་དུ་བབ། ། དེ་བཞིན་བོད་དུ་ཕྱིར་ཕེབས་གནང་ཏེ་ཉམ་ཆུང་གདུལ་བྱ་སླར་ཡང་བསྐྱངས། ། སྐར་ཆ་གཅིག་ལའང་བསྟན་འགྲོའི་དོན་མཛད་གང་ཁྱེད་མཛད་པ་བརྗོད་ལས་འགོངས། སྤྱི་མཐུན་གདུལ་བྱའི་བསོད་ནམས་དམན་པས་འདྲེ་སེམས་ཁོག་ཏུ་ཞུགས་ལ་འགས། ། ཕྲག་དོག་ཁྲག་གི་རྒྱ་མཚོ་འཁོལ་ནས་ངན་སེམས་ཕྲག་རླབས་དགུང་ལ་འཕྱུར། ། ཏང་གི་དམག་མི་གྲོགས་སུ་འགུགས་ཏེ་གང་ཁྱེད་བཙན་བཟུང་བྱས་པའི་སྐབས། ། ཉམ་ཆུང་གདུལ་བྱ་སྟོང་ཚོ་མང་པོས་ངོ་རྒོལ་གྱེན་ལངས་ཤུགས་ཆེར་བྱས། ། སློབ་དཔོན་ཁྱེད་དང་སློབ་མ་མང་པོ་མི་མངོན་བཙོན་གི་དོང་དུ་བཙུད། ། ཉིན་མཚན་ཀུན་ཏུ་ཚར་འདྲི་བཏང་ཞིང་གློག་གི་རྒྱུགས་པས་རྡེག་པ་སོགས། ། རྡུང་རྡེག་མནར་གཅོད་ཚད་མེད་བཏང་སྟེ་སྐུ་ཡི་འོ་བརྒྱལ་ཅི་ཡང་ཆེ། ། འདི་ཀོ་སེམས་སུ་དྲན་པའི་མོད་ལ་ཟུར་གསུམ་སྙིང་ཆུང་ཁྲོ་བས་གས། ། ཉིན་མཚན་བསྟུན་མར་རྡུང་རྡེག་བཏང་བས་སྐུ་གཟུགས་ཧ་ཅང་སྐམ་པའི་སྐབས། ། བཙོན་ཁང་ནང་དུ་གྲོངས་བར་དོགས་ཏེ་ལོ་ཤས་འཕྲེང་བ་འཁོར་བའི་རྗེས། ། བཙན་གྲོལ་ཐོབ་ཏེ་ཕྱི་རུ་ཕེབས་ཀྱང་ཆོས་འབྲེལ་ནམ་ཡང་མི་ཆོག་ཅེས། ། བཙན་བཀའ་ཕབ་ཅིང་ཉིན་མཚན་ཀུན་ཏུ་ལྐོག་ནས་སོ་བལྟ་རྟག་ཏུ་བྱས། ། དེ་རིང་ཞོགས་ཇ་འཐུང་བའི་ཞོར་དུ་རླང་འཕྲིན་གློག་སྒོ་ཕྱེ་མ་ཐག ། དགེ་བཤེས་བསོད་ནམས་དགོངས་པ་རྫོགས་པའི་གཏམ་ངན་རྣ་བར་འཛུལ་བྱུང་བས། ། ལག་ཏུ་བཟུང་བའི་ཤེལ་ཕོར་དཀར་པོ་དབང་མེད་ས་ལ་ཁྲག་སེ་ལྷུང༌། ། ལུས་ཀྱི་བ་སྤུ་ཀུན་ནས་ལངས་ཤིང་མིག་ཆུའི་ཐིགས་པ་ས་ལ་འཐོར། ། ཀྱེ་ཧུད་ཀྱེ་མ་བསྟན་འགྲོའི་དཔལ་མགོན་མཚུངས་མེད་བཤེས་གཉེན་ཁྱེད་འདྲ་བ། ། འདི་ལྟར་ཞི་བར་གཤེགས་པར་གྱུར་ན་བསྟན་འགྲོའི་དགའ་ཚལ་སུ་ཡིས་སྐྱོང༌། ། མགོན་མེད་ཉམ་ཐག་གདུལ་བྱ་འདི་ཀོ་སྲིད་ཞིའི་མཐའ་ནས་སུ་ཡིས་འདྲེན། ། འཁང་ར་འདྲེས་མའི་འོ་འདོད་འདི་ཀོ་དབང་མེད་སྙུག་གུའི་རྩེ་ནས་ཤོར། ། ཉེ་ཆར་དམར་པོའི་དྲག་གནོན་འོག་ནས་སྤུན་ཟླ་བརྒྱ་ཕྲག་ཁ་ཤས་ཤིག ། དམར་གསོད་བཏང་བའི་སྙིང་གི་གདུང་བས་སེམས་སུ་རྨ་ཁ་བཟོས་པའི་སྟེང༌། ། མགོན་ཁྱེད་ཞི་བར་གཤེགས་པའི་གཏམ་གྱིས་རྨ་ཁ་རྙིང་པར་ཁ་སྣོན་བཏབ། ། སོས་དཀའི་རྨ་ཁ་ལག་པས་བསྐྱོར་ཏེ་དད་གདུང་གསོལ་འདེབས་མང་དུ་ཞུས། ། འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཡངས་ཤིང་ལྟ་དཔྱོད་སྒོམ་པའི་ཉམས་ལེན་ཟབ། ། མཁས་བཙུན་བཟང་པོའི་མགོན་པོ་ཁྱེད་འདྲ་ལན་གཅིག་ཞི་བར་གཤེགས་ཙམ་གྱིས། ། འཇིག་རྟེན་ཁམས་འདི་མུན་ལས་ཁྱབ་ཅིང་བདེ་སྐྱིད་འོད་སྣང་ནུབ་འགྱུར་བས། ། བསྟན་འཛིན་སྐྱེ་བུ་ཤེས་ལྡན་ཀུན་གྱིས་སྤྱན་ཆབ་དབང་མེད་བཞུར་བར་ངེས། ། ཆོ་ངེ་དྲག་པོ་ཀུན་ཏུ་སྒྲོག་པའི་འོ་འདོད་འདི་ཀོ་གསན་མཛད་ནས། ། བསྟན་དང་འགྲོ་བའི་མགོན་དུ་ཤར་བའི་ཡང་སྤྲུལ་ཟླ་བ་གཞོན་ནུ་ཡི། ། གསེར་ཞལ་དཀྱིལ་འཁོར་དངོས་སུ་མཇལ་བའི་གསོལ་འདེབས་སྨོན་ལམ་ཡང་ཡང་དུ།། བེ་རི་སྨྱོན་པའི་སྲས་ཀྱི་ཐུ་བོ་བེ་རི་སྨྱོན་ཕྲུག་བདག་གིས་ཞུས། ། འོད་སྟོང་འབར་བའི་ཉི་མ། ང་ཡི་བླ་མ་ཁྲི་ཆེན་བློ་བཟང་ཉི་མ་མཆོག་རྗེས་དྲན་དུ། ཅ་དངོས་ཉོ་ཚོང་འགའ་ཡི་ཆེད་དུ་རྒྱལ་ས་ཧོབ་ལིར་འགྲིམས་པའོ་མོད།། ལག་ཐོགས་ཁ་པར་ངུ་བའི་ཟོལ་གྱིས་ཏིར་སྒྲ་ཤུགས་ཀྱིས་གྲགས་བྱུང་བས།། ཅི་ཞིག་ཡིན་སྙམ་དལ་གྱིས་ཉན་པས་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང༌།། དགོངས་པ་རྫོགས་པའི་མི་སྙན་གཏམ་ངན་ང་ཡི་རྣ་བའི་གཤེད་དུ་ལྷུང༌།། དེ་མ་ཐག་ཏུ་སྐྱོ་གདུང་དྲག་པོས་ལུས་ཀྱི་བ་སྤུ་གྱེན་དུ་གཡོ།། ལག་ཏུ་བཟུང་བའི་བདོག་པ་རྣམས་ནི་དབང་མེད་ས་ལ་ཕྲག་སེ་ཤོར།། ཀྱེ་ཧུད་ཀྱེ་མ་མགོན་པོ་ཁྱེད་ཉིད་འདི་ལྟར་བྲེལ་བས་ཕེབས་དོན་ཅི།། མགོན་སྐྱབས་མེད་པའི་གདུལ་བྱའི་ཚོགས་རྣམས་སྙིང་རྗེས་ཡལ་བར་འདོར་རིགས་སམ།། ཤག་ཏུ་སླེབས་ནས་བློ་གསལ་ཆོས་འབྱུང་ཡང་བསྐྱར་ཐེངས་གཅིག་ཀློག་མགོ་བརྩམས།། གང་ཁྱེད་མཛད་པའི་རྣམ་ཐར་རིང་བོ་ང་ཡི་སེམས་ངོས་ལྷ་མེར་གསལ།། གསལ་མ་གསལ་གྱི་ལ་སྒྲོན་འོག་ཏུ་ཁྱེད་ཀྱི་སྐུ་པར་བལྟས་བཞིན་དུ།། དད་གདུང་བསྣོལ་མར་འཐབ་པའི་ཁྲོད་ནས་མཆི་མས་གཟན་ཤམས་ཀུན་ཏུ་བརླན།། ཀྱེ་ཀྱེ་ང་ཡི་དྲིན་ཅན་བླ་མ་ངེད་ཅག་རྣམས་ལ་གསན་མཛོད་དང༌།། བློ་བཟང་རྒྱལ་བའི་བསྟན་པའི་ཉི་མ་གང་ཁྱེད་གཞན་དུ་གཤེགས་གྱུར་ན།། ཕྱོགས་འདིར་མུན་པས་ཁྱབ་པར་འགྱུར་བས་ཐུགས་རྗེ་ཆེན་པས་གཟིགས་གནང་སྟེ།། གང་ཁྱེད་མཆོག་སྤྲུལ་ཉིན་བྱེད་དབང་པོ་མྱུར་དུ་བྱོན་པར་མཛོད་ཅིག་ཀྱེ།། སེམས་ཁོང་གི་ན་ཟུག གཞིས་ལུས་རྒྱལ་གཅེས་དཔའ་བོ་ཚོར་ཕུལ་བ། གངས་ཅན་ས་ཡི་རྡུལ་གྱི་ཆ་ཙམ་ཡང༌། ། རང་ལ་མི་དབང་རྒྱལ་ཁབ་གཞན་གྱི་སར། ། སྐྱབས་བཅོལ་བ་ཞེས་དཔྲལ་བར་བྲིས་བྱས་ཏེ། ། སློང་མོ་བ་བཞིན་ང་ཚོ་ཉམས་རེ་དམའ། ། སྐྱབས་བཅོལ་བ་ཡི་མིང་ཚིག་སྐྱུར་མོའི་འོག ། ལོ་དང་ཟླ་བའི་ཕྲེང་བ་ཡུད་ཀྱིས་འཁོར། ། རང་གི་ཕ་ཡུལ་དྲན་པའི་གདུང་བ་ཡིས། ། ངའི་སེམས་བདེ་བའི་དུས་ཤིག་བྱུང་མ་མྱོང༌། ། ལྷག་པར་རང་གི་ཤ་ཁྲག་གཅིག་པའི་སྤུན། ། འབུམ་དང་ས་ཡ་དམར་གསོད་བཏང་བའི་ཚུལ། ། ལན་གཅིག་སེམས་པའི་ངོས་སུ་དྲན་ཙམ་གྱིས། ། ཟུར་གསུམ་སྙིང་ཆུང་སྡུག་གིས་ཡོངས་སུ་གས། ། ྋགོང་ས་ཆེན་པོ་མི་ཡི་ཡུལ་དུ་བྲོས། ། ཤ་ཉེ་སྤུན་ཟླ་མང་པོའི་བླ་སྲོག་ཤོར། ། སྐྱབས་ཡུལ་དགོན་སྡེ་སྟོང་ཕྲག་རྨང་ནས་བཤིག ། འདི་ལས་སྡུག་པའི་གནས་ཚུལ་ཅི་ཞིག་མཆིས། ། འཛམ་གླིང་མི་མང་ཀུན་གྱིས་གཤམ་འོག་ན། ། མཐེ་བོང་གཉིས་པོ་མཁའ་ལ་བསྒྲེང་བྱས་ཏེ། ། སྐྱབས་བཅོལ་བ་ཞེས་ཀུན་གྱི་བརྙས་བཅོས་འོག ། མཐོང་ཆུང་རིན་མེད་ཉོ་བ་ཡིད་རེ་སྐྱོ། ། སྐྱབས་མགོན་ྋགོང་ས་མཆོག་གི་སྐུ་དྲིན་གྱིས། ། བྱེས་སུ་གྱར་བའི་བོད་རིགས་སྤུན་རྣམས། ། ཆོས་དང་ཟང་ཟིང་གཉིས་ཀྱིས་མི་ཕོངས་ནས། ། དགའ་སྐྱིད་འཚོ་བར་རོལ་སྐལ་ཅུང་ཐོབ་ཀྱང༌། ། གཞིས་སུ་ལུས་པའི་བོད་རིགས་སྤུན་ཟླ་རྣམས། ། ཉིན་མཚན་ཀུན་ཏུ་མདའ་དང་མེ་སྒྱོགས་འོག ། བཙན་གནོན་དྲག་པོས་མནར་དང་གནར་བཞིན་པས། ། ངེད་ཅག་འདི་ལྟར་སྡོད་བཟོད་ག་ལ་ཡོད། ། བོད་རིགས་འབུམ་ཕྲག་གྲི་རྩེར་གཤེགས་པ་རྣམས། ། ངེད་ཅག་ཀུན་གྱི་ཆེད་དུ་ཡིན་ལགས་ན། ། ཕ་གསོད་དགྲ་ལ་ཤ་ལེན་མ་བླང་བར། ། ངའི་སེམས་བདེ་བའི་དུས་ཤིག་འབྱུང་མི་སྲིད། ། གདོན་འདྲེ་སྙིང་ལ་ཞུགས་པའི་གུང་ཕྲན་ཏང༌། ། དཔལ་འབྱོར་བསླུ་བྲད་ཅིག་གིས་བོད་འབངས་རྣམས། ། འཆིང་ལ་འབད་ཀྱང་ནམ་ཞིག་རང་བཞིན་གྱིས། ། རྫུན་རྐུབ་བརྡོལ་བ་ཀུན་གྱིས་མངོན་སུམ་ཉིད། ། ལྷག་པར་དེང་སང་མདོ་དབུས་ཁམས་ནས། ། ཏང་གི་བཙན་གནོན་སྙིང་ལ་མ་བཟོད་དེ། ། མི་མང་གྱེན་ལང་གང་སར་འཕྱུར་བ་འདིས། ། རྒྱལ་སྤྱིའི་གཞུང་ལ་སྐུལ་ལྕག་ལན་གཅིག་བཏང༌། ། རང་དབང་དང་ནི་འཚེ་མེད་ཞི་བདེ་ཞེས། ། ཀུན་གྱིས་གཏམ་བཤད་སྤེལ་བ་བདེན་གྱུར་ན། ། ཚོང་དང་ཆབ་སྲིད་གཡོ་འོག་མ་ཚུད་པར། ། བདེན་པའི་ལན་ཞིག་གནང་རོགས་རྒྱལ་ཚོགས་ཀྱེ། ། གཏམ་བཤད་གནང་ལ་མཁས་པའི་སྐུ་ངོ་དང༌། ། སྒྱུ་རྩལ་སྙུག་གུ་བདེ་བའི་རྩོམ་པ་པོ། ། ལྕེ་རྩལ་བདེ་བའི་དབང་ཆེན་དཔོན་པོ་རྣམས། ། རྩལ་ཞིག་ཡོད་ན་ད་གཟོད་སྟོན་རན་འདུག ། མཐུ་དང་ནུས་པ་ཆེ་བའི་སྔགས་པ་དང༌། ། གྲོགས་དང་འཕྲིན་ལས་མྱུར་བའི་སྲུང་མ་དང༌། ། འགྲོ་ཀུན་སྲིད་ལས་འདྲེན་པའི་བླ་མ་རྣམས། ། ནུས་པ་ཡོད་ན་ད་གཟོད་སྟོན་རན་འདུག ། སྐུ་རབས་འཕྲེང་བ་སྒྲིག་པའི་སྤྲུལ་སྐུ་དང༌། ། གཤིན་པོའི་བླ་སྲོག་འགུག་པའི་གྲུབ་ཐོབ་དང༌། ། སེམས་ཅན་ཐམས་ཅད་ཟེར་བའི་ཆོས་པ་རྣམས། ། ཚོར་བ་ཡོད་ན་ད་གཟོད་ལང་རན་འདུག ། མདའ་དང་མི་སྒྱོགས་མཚམས་མེད་སྙིལ་བའི་ཁྲོད། ། ཉིན་ནས་ཉིན་རེར་སྤུན་ཟླ་རྫོགས་ལ་ཉེ། ། དེ་འདྲའི་གཉན་འཕྲང་ཅན་གྱི་དུས་སྐབས་སུ། ། ཚོར་བ་ཡོད་ན་ད་གཟོད་ལང་རན་འདུག ། ལོངས་ཤིག་ལོངས་ཤིག་ཚང་མ་ཡར་ལོངས་ཤིག ། ྋགོང་ས་མཆོག་གི་ཐུགས་རྗེའི་ལམ་སྟོན་འོག ། ཚང་མ་གཅིག་ཏུ་བསྒྲིལ་ནས་སྤུན་མཆེད་རྣམས། ། དགྲ་ཡི་ཁ་ནས་སྐྱོབ་ཆེད་ལོངས་ཤོག་ཀྱེ། ། ༢༠༠༨ ༣ ༡༧ ཉིན་རང་ཤག་ཏུ་ཉེ་ལམ་བྱུང་བའི་གནས་ཚུལ་རྣམས་ སེམས་སུ་འཁོར་བཞིན་མཆོག་གསུམ་རྒྱལ་བ་ལ་གསོལ་འདེབས་དང་འབྲེལ་ ཕྲན་བེ་རི་སྨྱོན་ཕྲུག་ཅེས་བྱ་་བས་ཤར་མར་སྤེལ། ཁེར་རྐྱང་གི་ཆིག་ལབ། ང་ནམ་ཡང་དགོད་བྲོ། མི་ལྤགས་གྱོན་པའི་ཝ་མོ་འགའ་ཡི་བྱ་སྤྱོད་མིག་ལམ་དུ་ཤར་རྗེས། སྨྱུག་རྩལ་སྒེག་མོའི་རྐེད་པར་དམ་དམ་དུ་འཁྱུད་ནས།། སྙན་འཇེབས་གླུ་ཞིག་ང་ཡིས་ལེན་འདོད་ཅིག་འདུག། ཟང་ཟང་འཇིག་རྟེན་འདི་ལ་བསམ་གཞིགས་ཤིག་བྱས་དུས༌།། ཡོད་ཚད་དགོད་མོ་བྲོ་བའི་སྣང་བ་ཞིག་སྟེར་བྱུང༌།། ཕྲག་དོག་སྙིང་གི་འཁོན་འཛིན་སེམས་དབུས་སུ་བཅངས་ནས།། གཡོ་སྒྱུའི་ཚིག་གིས་སྤྱི་ཚོགས་ནགས་ཀླུང་དེ་བསྲེགས་པའི།། ཝ་སྐྱེས་མི་གཟུགས་འགའ་ཡི་བྱ་སྤྱོད་དེ་མཐོང་དུས།། སྙིང་ནས་ཤ་ཚ་མི་སྐྱེས་རང་དབང་ཞིག་མི་འདུག། པོད་ལྔའི་གཞུང་དོན་འཆད་པའི་ཡོན་ཏན་དེ་ཆེ་ཡང༌།། སྐྱུར་དྲི་བྲོ་བའི་ཕྱོགས་དང་འཐེན་འཁྱེར་གྱི་འབར་རྫས།། སེར་པོའི་གོས་ཀྱི་འོག་ཏུ་སྐུང་བ་དེ་མཐོང་དུས།། མ་བཅོས་སེམས་ཀྱི་དད་པར་ཆག་གྲུམ་ཞིག་ཤོར་སོང༌།། མཁའ་ནས་ཉི་མའི་འོད་ཟེར་ཕྱོགས་ཡོངས་ལ་འཕྲོ་དུས། ། ལག་པའི་སྦར་མོ་ཟུང་གིས་བཀབ་ཐབས་ཤིག་བྲལ་བས། ། མི་དགའ་ཕྱོགས་སུ་ལྷུང་བའི་འབྱུང་པོ་ཡི་བྱ་ཚོགས། ། མུན་པའི་ཁོང་བུར་འཇུག་ལས་ཐབས་གཞན་ཞིག་མི་འདུག ། ཕྱོགས་ལྷུང་འཐེན་འཁྱེར་ནག་པོའི་དུད་སྤྲིན་གྱི་འོག་ནས། ། ཕ་རོལ་རྒོལ་བར་བརྩམ་པའི་ཕྲག་དོག་གི་བློ་ཡིས། ། རྒྱུད་ཀྱི་སེམས་ཁམས་གཏིང་ནས་དཀྲུགས་པ་དེ་མཐོང་དུས། ། དངོས་གནས་སྙིང་རྗེ་མ་སྐྱེས་ཀ་མེད་ཅིག་རེད་འདུག ། མི་ལྤགས་མཐུག་པོ་གྱོན་པའི་ཁྲི་རྒན་འགའི་རྗེས་སུ། ། མི་ཤེས་སྲང་ལམ་གསེབ་ཀྱི་ཁྱི་ལྡོམ་གྱི་ཁྱུ་ཚོགས། ། གཅིག་རྗེས་གཉིས་སུ་མཐུན་ནས་ངུ་ཟུག་དེ་བྱས་དུས། ། དངོས་གནས་སེམས་ཀྱི་གཏིང་ནས་དགད་མོ་ཞིག་བྲོ་སོང༌། ། མདོ་དབུས་ཁམས་གསུམ་ཟེར་བའི་ཆོལ་ཁ་ཡི་ཞེན་ཁོག ། ས་དགེ་བཀའ་སྙིང་ཟེར་ནས་ཆོས་ལུགས་ཀྱི་འཐེན་འཁྱེར། ། བོད་ཁམས་སིལ་བུར་གཏོར་བའི་མི་མངོན་པའི་འབར་རྫས། ། ནམ་ཡང་སྤར་ར་མ་མཛོད་སྙིང་ཉེ་ཡི་སྤུན་ཟླ། ། རླུང་འཚུབ་དྲག་པོའི་ཁྲོད་ཀྱི་མར་མེ་བཞིན་གནས་པའི། ། ངོ་ཚོ་ཚང་མའི་ཕ་ཡུལ་བོད་ལྗོངས་ཀྱི་ཞིང་ཁམས། ། རྒྱ་དམར་ཀླ་ཀློའི་ཁ་ནས་སྲུང་སྐྱོབ་ཀྱི་ཆེད་དུ། ། ཆོལ་གསུམ་བོད་རིགས་རྡོག་རྩ་གཅིག་སྒྲིལ་ཞིག་གནང་དང༌། ། རིགས་རྒྱུད་གཅིག་ལས་བྱུང་བའི་དྭངས་གཙང་གི་མི་རིགས། ། ཁ་ཟས་གཅིག་ལ་བརྟེན་པའི་རྩམ་པ་ཡིས་གསོ་ཕྲུག ། བླ་མ་གཅིག་གི་སློབ་མ་བོད་རིགས་ཀྱི་སྤུན་ཟླ། ། ཚང་མ་གཅིག་ཏུ་བསྒྲིལ་ནས་མདུན་བསྐྱོད་ཅིག་གནང་རོགས། ། ༢༠༠༦ ༥ ༥ ཉིན་ཆུ་ཚོད་ ༨།༡༥ ཐོག་བློ་གླིང་ཕྱག་ཁང་དུ་བྲིས། ལག་ཐོགས་ཁ་པར་གྱི་སྙན་ངག དུས་རབས་གསར་པའི་སྒོ་ཆེན་ནང་དུ་བོད་མིའི་མགོ་བོ་གཞིས་ནས་བསྲིངས། ། ལྟ་སྤྱོད་རྙིང་པའི་བམ་པོ་ཕུད་ཅིང་དེང་རབས་ལྗ་མ་ལུས་ལ་བཀླུབས། ། དཔལ་དང་འབྱོར་བའི་ཚོང་གི་བྲེལ་བས་ལུས་སེམས་གཉིས་ཀ་ཁོམ་པ་མེད། ། གངས་ཅན་བོད་ཀྱི་འགྱུར་འགྲོས་བསམ་ནས་བསམ་གཞིགས་མུན་པའི་ཀློང་དུ་ལྷུང༌། ། ཏིར་ཏི་སྒྲ་དང་ཧ་ལོའི་འབོད་སྒྲས་དབེན་གནས་སྤྱི་ཚོགས་གཉིས་ལས་དཀྲོགས། ། སད་མ་ཐག་པའི་ཕྲུ་གུ་འགའ་རེ་ལག་ཐོག་ཁ་པར་ཅེར་ཏེ་གནས། ། ཐུན་སུམ་མཚན་མོའི་གཉིད་ཀྱི་ཞིང་དུ་མོ་བྷེལ་ཉོས་པའི་རྨི་ལམ་རྨིས། ། མོ་བྷེལ་ཆེད་དུ་ལུས་པོ་བཙོང་ཡང་ནོངས་འགྱོད་མེད་པའི་སྙིང་སྟོབས་ཆེ། ། གྲོས་ཚོགས་ནང་དུ་ཕེབས་པ་བཞིན་དུ་ཁ་པར་རྣ་རྩར་སྦྱར་བྱས་ཏེ། ། རང་སྣང་ཨ་སྔོན་དགུང་ལ་བཏེགས་བཞིན་གོམ་པའི་འདེགས་འཇོག་མྱུར་བ་འདི། ། ཡར་རྒྱས་མཚོ་རླབས་འཕྱོ་བ་ཡིན་ནམ་སྙིགས་ལྔའི་རླུང་དམར་འཚུབ་པ་ཡིན། ། སྨྱུག་རྩལ་སྒེག་མོར་དམ་དུ་འཁྱུད་ནས་བསམ་གཞིགས་མ་བྱེད་ཀ་མེད་བྱུང༌། ། ཉམ་ཐག་ཟློས་གར་འཁྲབ་སྟོན་འོག་ནས་མགོ་སེར་སྦྱིན་བདག་མང་བ་འམ། ། ང་ན་ཁོ་ཤི་སྐྱབས་འཇུག་ཞུས་པའི་སྐུ་འགྱེད་མང་བས་ཡིན་ཡང་སྲིད། ། སྒྲ་ལོ་རིང་པོ་གྲི་ཡིས་བཏུབ་པའི་མགོ་རིལ་བྲེལ་ཅན་མང་པོ་ཡིས། ། ལག་ཐོགས་ཁ་པར་བསྟན་པ་སྤེལ་བའི་རྣམ་དཀར་མཛད་འཕྲིན་སྔར་ལས་ཆེ། ། ཞབས་ལ་ཀོ་བའི་ལྷམ་གོ་མེད་ན་མི་ཚོགས་གསེབ་ཏུ་འགྲོ་ཐབས་བྲལ། ། ལག་ཏུ་མོ་བྷེལ་ཁྱེར་རྒྱུ་མེད་ན་མི་དང་སྐད་ཆ་བཤད་ཐབས་བྲལ། ། ཨམ་ཕྲག་ནང་དུ་པད་ཤག་མེད་ན་མི་དང་གྲོགས་པོ་བྱེད་ཐབས་བྲལ། ། ཅི་ཡང་མེད་པའི་ཉམ་ཆུང་ང་འདྲ་འཇིག་རྟེན་འདི་ན་འཚོ་ཐབས་བྲལ། ། ༢༠༠༦ ༥ ༡༥ ཉིན་རང་ཤག་ཏུ་བྲིས། ཟ་ཁང་རྙིང་པའི་སྙན་དངགས། ལྷང་ལྷང་སྒྲོག་པའི་ཆོས་ཀྱི་སྒྲ་དབྱངས་རྣ་བའི་བུ་གར་མངོན་པར་འཇེབས། ། རྣམ་དག་དམ་ཚིག་མཐུན་ལམ་གཙང་མར་དད་པའི་འོག་ཞགས་མཐའ་ནས་འཁྱུད། ། མཚན་སྙན་གྲགས་པས་གནམ་ས་དབྲལ་བའི་ཆོས་སྡེ་ཆེན་མོ་འབྲས་དཀར་སྤུངས། ། འཛམ་གླིང་སྤྱི་དང་གངས་ཅན་བོད་ཀྱི་བསྟན་པའི་མཛེས་རྒྱན་ཅི་ཡང་ཆེ། ། ས་དང་ཕྱོགས་ཀྱི་གནས་བབ་དབང་གིས་གྲྭ་ཚང་ཤར་དང་ནུབ་ཅེས་པའི། ། ཐ་སྙད་ཙམ་ལས་དམ་ཚིག་འོ་ཆུ་དབྱེར་མེད་གཅིག་ཏུ་འདྲེས་གྱུར་པའི། ། སྒོ་བློ་གཉིས་ཞེས་གཟུར་གནས་ཀུན་གྱིས་བསྟོད་པའི་རོལ་དབྱངས་འཁྲོལ་བའི་ཡུལ།། ཆོས་སྡེ་འདི་འདྲ་མཇལ་བ་འདི་ཡང་ཚེ་རབས་འབུམ་གྱི་འབྲས་བུ་ཞིག ། ཆོས་སྡེ་འདི་དང་ན་ཚོད་མཉམ་པའི་བློ་གསལ་གླིང་གི་ཟ་ཁང་འདི། ། གྲྭ་རྐྱང་སྟོང་གིས་ཟས་ལ་རོལ་བའི་གསོལ་མགྲོན་ཁང་པ་དང་པོ་སྟེ། ། ད་ཆ་གཡས་གཡོན་ཕྱོགས་བརྒྱ་ཀུན་ཏུ་ཟ་ཁང་མང་པོ་བརྒྱབས་ཟིན་པས། ། གསོལ་ཁང་འདི་ལ་ཟ་ཁང་རྙིང་པའི་མི་སྙན་བླ་དྭགས་རིམ་གྱིས་ཐོགས། ། དབེན་གནས་འབྲས་སྤུངས་དགོན་ཆེན་འདི་ན་ཟང་ཟིང་སྤྲོས་པ་ཆེར་མེད་པས། ། ཟ་ཁང་འདི་ཡང་རྒྱས་སྤྲོས་གསར་གཏོད་འགྱུར་བའི་རྣམ་པ་ཅི་ཡང་མེད། ། འོན་ཏེ་གདན་སའི་གྲྭ་རྐྱང་ཐམས་ཅད་ཟ་ཁང་རྙིང་པའི་སྤྱིལ་བུ་འདིར། ། ལྷན་དུ་འདུས་ནས་ཟས་ལ་རོལ་བའི་མི་ཚོགས་འཚང་ཁ་སྔར་ལས་རྒོད། ། དེང་རབས་ཤེས་བྱའི་ལུས་སྟོབས་རྫོགས་པའི་སློབ་གྲྭའི་སློབ་མ་བརྒྱ་ཕྲག་དང༌། ། ལུང་དང་རིགས་པས་སེམས་ཁམས་བཟི་བའི་སྟོང་ཕྲག་མང་པོའི་དཔེ་ཆ་བ། ། གྲྭ་རྐྱང་ཡོད་ཚད་ལྷན་དུ་འདུས་ནས་སྐྱིད་པའི་དགོད་སྒྲ་གྱེར་བའི་གནས། ། ཟ་ཁང་རྙིང་པའི་སྤྱིལ་བུ་འདི་ན་སྙན་གཏམ་སྒྲོག་པའི་གྲྭ་རྐྱང་མང༌། ། བདེ་སྐྱིད་འབུམ་གྱིས་སེམས་ཁམས་མྱོས་པའི་གྲྭ་རྐྱང་ལོ་གཞོན་འདི་དག་དང༌། ། ལྷན་དུ་འཛོམས་ནས་སྒོར་མ་གཅིག་ཅན་གསོལ་ཇ་ཤེལ་ཕོར་གང་འཇུས་ཏེ། ། ཆོབ་གཏམ་འདྲ་མིན་བཤད་རེས་བྱས་པས་སེམས་སྡུག་ཡོད་ཚད་རླུང་གིས་ཁྱེར། ། ཟ་ཁང་རྙིང་པའི་སྤྱིལ་བུའི་ནང་དུ་གྲྭ་རྐྱང་འཚོ་བ་ཧ་ཅང་དྲོ། ། རོ་དྲུག་འདུས་པའི་ཟས་རིགས་མང་ཞིང་ཟས་ཀྱི་རིན་གོང་ཧ་ཅང་ཆུང༌། ། ཟ་ཁང་ཆེན་པོའི་ཡོ་བྱད་མེད་ཀྱང་ནང་གི་ཁང་པ་ཧ་ཅང་དྭངས། ། ཚོང་དཔོན་རྒྱགས་པ་ཡོང་མཁན་མེད་ཀྱང་གྲྭ་རྐྱང་སྟོང་ཕྲག་འཚང་ཁ་རྒོད། ། ཟ་ཁང་རྙིང་པའི་སྤྱིལ་བུའི་ནང་གི་འཆལ་གཏམ་རོལ་མོ་ཧ་ཅང་སྙན། ། དཔལ་འབྱོར་ཟིང་ཆས་གནས་ས་བསྒུལ་བའི་དུས་རབས་གསར་པའི་འཇིག་རྟེན་འདིར། དཔལ་ལྡན་ལྷ་མོའི་འཕྲིན་ལས་ཡིན་ནམ་ནོར་ལྷའི་བགའ་ཆད་ཡིན་ཡང་སྲིད། ། ས་མཐའི་གྲྭ་རྐྱང་ཉམ་ཆུང་ཁོ་བོ་འབྱོར་པས་ཤིན་ཏུ་ཕོངས་གྱུར་ཀྱང༌། ། གྲྭ་རྐྱང་ང་ཡི་སེམས་ཁམས་ཆུང་ཆུང་བདེ་སྐྱིད་ཁོ་ནས་གང་སྟེ་ཡོད། ། ༢༠༠༦ ༦ ༢ ཉིན། འཚམས་འཕྲིན་སེམས་ཀྱི་རང་མདངས།། ངའི་སྨྱུག་གྲོགས་གོང་དཀར་ངག་རྣམ་ལགས་སུ་ཕུལ་བ། གང་ཁྱེད་བཞིན་གྱི་དཀྱིལ་འཁོར་མཇལ་འདོད་ཀྱང༌།། ཡུལ་དུས་ངོ་བོ་གསུམ་གྱིས་ཤིན་ཏུ་བསྐལ།། དེ་ལྟར་ན་ཡང་མཛའ་བརྩེའི་གསེར་གྱི་ཐག། ནམ་ཡང་ལྷོད་ཐབས་མི་འདུག་གྲོགས་པོ་ལགས༌།། གནའ་དེང་ཤེས་བྱ་རིག་པའི་གཞུང་ལུགས་ལ།། འཆད་རྩོད་རྩོམ་གྱི་མཛད་འཕྲིན་བྲེལ་བའི་གསེང༌།། ཇ་ཡུན་ཙམ་གྱི་དུས་ཤིག་རྙེད་གྱུར་ན།། འཕྲིན་འདི་གཟིགས་ཙམ་གནང་རོགས་གྲོགས་པོ་ལགས།། མཚན་མོར་སྤྲང་ཁྱི་རྒན་པོའི་ངུ་རྒྱངས་དང༌།། དགོང་དྲོར་དུག་སྦྲང་ནག་པོའི་འཕུར་ལྡིང་དང༌།། ཉིན་གུང་སྒྲིག་ལམ་བཙན་པོའི་གཉའ་ཤིང་འོག། ཟུངས་ཁྲག་དམར་པོ་ཟད་ལ་ཉེ་བ་ཡི།། ལྷོ་མཐའི་ཡུལ་གྱི་བན་ཆུང་ཁོ་བོ་ཡིས།། དགའ་སྐྱོ་བསྣོལ་མར་འཐབ་པའི་ཧྲག་བར་ནས༌།། མི་མངོན་སེམས་ཀྱི་སྙིང་གཏམ་ཛ་ཛོར་འགའ།། འདི་ན་སྐྱུག་པའི་ཟོལ་གྱིས་ལུད་ནས་ཐལ།། ཉི་གཞོན་དམར་པོ་དལ་གྱིས་ནུབ་ཏུ་བཞུད།། བསིལ་རླུང་འཇམ་པོས་གཟན་ཤམས་རླུང་གིས་བསྐྱོད།། ཐོག་ཏུ་བུད་ནས་འདྲ་མིན་བསམ་གཞིགས་ཁྲོད།། གང་ཁྱེད་དྲན་པས་སེམས་ཁམས་ཡོངས་སུ་བསྡམས།། ཤག་ཏུ་ཡོང་ནས་མདུན་འཇོག་སྒྲོན་མེ་སྤར།། མཛུབ་གནོན་འཕྲུལ་འཁོར་གློག་སྒོ་དལ་གྱིས་ཕྱེས།། ཚོར་ཀློང་རྦ་རླབས་དྲག་ཏུ་འཁྲུག་པའི་ཁྲོད།། ཀྱག་ཀྱོག་ཡིག་རྙོག་འདི་དག་བྲིས་ལ་ཤོར།། ཉེ་ལམ་ཟླ་ཤས་རིང་ལ་རྩོམ་སྒྲིག་དང༌།། འགྲེམས་སྤེལ་སོགས་ཀྱི་ལས་དོན་འདྲ་མིན་ནང༌།། ལག་པ་འཆང་ཙམ་འཆང་ཙམ་བགྱིས་ཁུལ་གྱིས།། ཁྱེད་ལ་འཕྲིན་ཡིག་ཙམ་ཡང་བཏང་མ་ཐུབ།། དེ་ལུགས་གང་ཁྱེད་ཐུགས་ཀྱི་ཀློང་ཡངས་སུ།། དགོངས་བཞེས་ཅིས་ཀྱང་གནང་བར་མཛོད་ཅིག་གྲོགས།། ཉམ་ཆུང་ང་ཡིས་རྒྱུན་དུ་སྨྱུག་རྩེ་ནས།། གང་ཁྱེད་དྲན་པའི་སྣག་ཚ་སྐམ་མ་མྱོང༌།། མི་ཡི་ལུས་ཤིག་བདག་གིས་རྙེད་གྱུར་ཀྱང༌།། མི་ཁོམ་བརྒྱད་ཀྱི་འོབས་སུ་ལྷུང་གྱུར་ནས།། མི་དགོས་ལས་དོན་འདྲ་མིན་སྒྲུབ་ཁུལ་གྱིས།། མི་ཚེ་དོན་མེད་རྫོགས་འདི་ཡིད་རེ་ཕངས།། དེ་ལྟར་ན་ཡང་ཆུང་ཆུང་བྱིས་དུས་ནས།། ངུར་སྨྲིག་གོས་ཀྱིས་བཏུམས་ཏེ་ཤེས་བྱའི་གནས།། སྦྱོང་བའི་ཁུལ་གྱིས་ཕོ་ལོ་ཉེར་གསུམ་ལ།། ཟིན་པ་ཡིན་སྙམ་སྤོབས་པས་སེམས་ཁམས་བཏེགས།། སློབ་གྲྭར་འགྲིམས་ནས་དབྱིན་བོད་ཧིན་གསུམ་བསླབས།། ཆོས་གྲྭར་འགྲིམས་ནས་གཞུང་ཆེན་འབད་པས་སྦྱངས།། ལས་ཁུངས་འགྲིམས་ནས་གྲྭ་ཚང་ཞབས་ཞུ་སྒྲུབ།། གང་སར་འགྲིམས་ནས་ཀུན་ལ་ཇུས་གཏོགས་བྱས།། ཕོ་ལོ་ཉེར་ཤུ་ཙམ་གྱི་དུས་ཡུན་ནང༌།། མཐོ་དམན་ཀུན་གྱི་ལྷམ་གྱི་རྡོག་པའི་འོག། ས་འབུ་ལྷན་དུ་ཤེས་བྱ་ཉུང་ཤས་ལ།། སློབ་པའི་ཁུལ་གྱིས་མི་ཚེ་ཟད་ནས་ཐལ།། མི་ཚེ་ལྷག་མ་ཅུང་ཙམ་ཡོད་གྱུར་ན།། ཤེས་བྱ་རིག་པའི་གནས་ལ་སློབ་བྱས་ནས།། ཐོས་བསམ་སྒོམ་པའི་ལག་རྗེས་མེད་ན་ཡང༌།། འཆད་རྩོད་རྩོམ་གྱི་རྒྱལ་མཚན་འཛུགས་དགོས་སྙམ།། བེ་རི་སྨྱོན་ཕྲུག་ཅེས་བྱའི་དྭ་ཕྲུག་བུ།། ཀུན་གྱི་བརྙས་བཅོས་བྱ་སའི་ཉམ་ཆུང་གང༌།། ནམ་ཞིག་ཕུགས་འདུན་མངོན་དུ་གྱུར་བ་ན།། ཀུན་གྱི་རྣ་བར་ཀི་སྒྲ་གཏབ་དགོས་སྙམ།། མཚམས་རེར་བརྙས་བཅོས་སེམས་ཀྱིས་མ་བཟོད་ནས།། ཆིག་ལབ་རྒྱབ་ཞོར་མགོ་བོ་རུམ་དུ་བཅུག། མིག་ཆུའི་ཐིགས་པས་ཉིན་ཐོ་འབྲི་དེབ་ཀྱང༌།། ངུ་ནས་རླན་པར་གྱུར་བ་ཉུང་ཉུང་མིན།། གང་ཁྱེད་སྐུ་ཡི་ཆ་ཤས་ཡོངས་རྫོགས་ཤིང༌།། མཛད་པའི་རླབས་ཕྲེང་གཡོ་བཞིན་བཞུགས་ཡོད་ཤག། ཆོས་སྲིད་ཟུང་གི་རིག་པའི་གཞུང་ལུགས་ལ།། འཆད་རྩོད་རྩོམ་གྱི་བྲེལ་བས་བཞུགས་ཡོད་ཤག། འབའ་བ་ཡེ་ཤེས་དགའ་བའི་ངག་ལམ་ནས།། གང་ཁྱེད་བཞིན་གྱི་མཛེས་སྡུག་རྣམ་པ་ཡིས།། དེ་གར་སྨན་ཤར་ཀུན་གྱི་ཡིད་སེམས་ཀུན།། ཅིག་ཅར་འཕྲོག་ཅེས་ཐོས་འདི་དངོས་ལགས་སམ།། གང་ཁྱེད་རྡ་སའི་སྲང་ལམ་འགྲིམས་པ་ན།། བུ་མོ་ཀུན་གྱིས་གང་ལ་ཟུར་མིག་གི། མདའ་མོ་ཡང་ཡང་འཕངས་ཀྱང་གང་ཉིད་ཀྱིས།། ཀུན་ལ་སྣང་མེད་བཞག་པ་བདེན་ལགས་སམ། ཕོ་ཡི་མིག་ལ་བུ་མོའི་སྐུ་གཟུགས་དང༌།། བུ་མོའི་མིག་ལ་བུ་ཡི་ལུས་པོ་གཉིས།། གཟུགས་ཀྱི་ནང་ནས་མཆོག་ཅེས་རྒྱལ་བ་ཡི།། གསུང་འདི་བདེན་པ་ལོས་ཡིན་གྲོགས་པོ་ལགས།། གཟུགས་མཆོག་མིག་གིས་རྒྱང་ནས་མཇལ་ཙམ་དང༌།། སྒྲ་མཆོག་ཁ་པར་རྒྱུད་ནས་ཐོས་ཙམ་ལས།། རེག་མཆོག་ལོངས་སུ་སྤྱོད་སྐལ་མེད་སྙམ་ནས།། མཚམས་རེར་འགྱོད་པའི་མེ་རླབས་མཁའ་ལ་འཕྱུར།། ལྐོག་ཏུ་གྱུར་པའི་ཕྱི་མའི་དག་ཞིང་དང༌།། མུན་ནག་ནང་གི་ཐར་བའི་ཞིང་ཁམས་གཉིས།། ཡོད་ན་ངེད་ཅག་ཁེ་བཟང་ཆེ་ན་ཡང༌།། མེད་ཚེ་རང་ཅག་སྡུག་གྱོང་དགུ་བརྩེགས་ཤིག། དེ་ལྟར་བསམ་བཞིན་མི་ཚེ་དལ་གྱིས་ཟད།། རྙོག་འཛིང་ཆེ་བའི་མདུན་ལམ་འདི་རྒྱུད་ནས།། རབ་རིབ་མ་འོངས་ཕུགས་བསམ་འགྲུབ་གྱུར་ན།། དྲོད་འཇམ་ལྡན་པའི་དབུགས་ཤིག་གཏོང་ན་འདོད།། གང་ཁྱེད་དེ་ན་ཕྱི་ནང་རིག་པའི་གནས།། ཚངས་སྤྱོད་རིག་པའི་གྲོགས་པོ་རྣམས་དང་ལྷན།། སློབ་པའི་སྐལ་བཟང་ཐོབ་པས་སྐྱིད་པ་ལ།། སྔར་བཞིན་འབད་པས་སྦྱོངས་ཤིག་གྲོགས་པོ་ལགས།། དཔལ་ལྡན་ཚངས་སྲས་དགྱེས་པའི་བློ་གྲོས་དང༌།། ལྡན་པའི་ཉམ་ཆུང་བེ་རི་སྨྱོན་ཕྲུག་ཅེས།། རྣམ་དཔྱོད་བློ་ཡིས་ཕྱི་ནང་རིག་གནས་ཀྱི།། རྒྱལ་ཁམས་ཉུལ་བ་གང་དེས་སྤྲིངས་བ་འོ།། ༢༠༠༩།༡༡༨ཉིན་རང་ཤག་ཏུ། སེམས་ཁོང་གི་ཟུག་གཟེར། གྲྭ་རྐྱང་ང་ལ་མི་ཡུལ་ས་མཐའ་འདིར། ། གཉེན་ཉེ་སྤུན་དང་བློ་མཐུན་གྲོགས་མེད་པས། ། སེམས་ཀྱི་ཟུག་གཟེར་འབར་བའི་སྙིང་གཏམ་ཞིག ། མཁའ་དབྱིངས་ཟླ་བ་ཁྱེད་ལ་བཤད་ན་བསམ། ། འཇིག་རྟེན་འདི་ན་ཁུ་སིམ་སིམ་གྱིས་སླེབས། ། གཞོན་ནུའི་དུས་བཟང་ཁུ་སིམ་སིམ་གྱིས་རྫོགས། ། ཡོད་ཚད་ཁུ་སིམ་སིམ་གྱིས་འདས་གྱུར་ན། ། ཕོ་རྒོད་གཅིག་གི་མི་ཚེ་ཨ་ཡིན་སྙམ། ། འདི་ལྟར་བསམ་པའི་དྲན་འགྱུ་རྒོད་ན་ཡང༌། ། སྐམ་ལ་རིད་པའི་སོ་སོའི་གཟུགས་པོ་འདི། ། རང་གི་རྐང་པ་ཟུང་གིས་མ་ཐེག་ནས། ། ཕན་ཚུན་འཁྱོར་ལ་ཉེ་འདི་ཡིད་རེ་སྐྱོ། ། ཤུར་ཤུར་དབུགས་ཀྱི་རྒྱུ་བ་རེ་རེའི་ལྷན། ། རང་རྒྱལ་གཡང་ལས་སྐྱོབ་པའི་སྙིང་སྟོབས་ཤིག ། འོན་ཏེ་མདུན་བསྐྱོད་རྐང་ལམ་རེ་རེ་ན། ། མི་མངོན་མཆེ་སྡེར་བགྲད་པའི་ཇག་ཚོགས་འབུམ། ། ཁྱེད་ཀྱིས་ཕ་མའི་དྲིན་ན་འཇལ་དགོས་ཟེར། ། ཁྱེད་ཀྱིས་སྐྱེས་བབ་འོས་འགན་སྒྲུབ་དགོས་ཟེར། ། ཁྱེད་ཀྱིས་རང་མགོ་རང་གིས་ཐོན་དགོས་ཟེར། ། རྡོག་ཁྲིས་ལྕི་བོ་རང་གི་ཕྲག་ཏུ་ལྷུང༌། ། འཇིག་རྟེན་འདི་ན་དགོས་པའི་ནོར་གཉིས་ཏེ། ། ཤེས་ཡོན་དང་ནི་དཔལ་དང་འབྱོར་བའི་ཚོགས། ། གང་ལ་མེད་པའི་ཉམ་ཆུང་ང་འདྲ་ཡིས། ། འོས་འགན་དེ་དག་ཇི་ལྟར་སྒྲུབ་དགོས་སྙམ། ། ཕ་མར་དྲིན་ལན་མ་འཇལ་འདྲེ་ཕྲུག་ཟེར། ། སྐྱེས་བབ་འོས་འགན་མ་སྒྲུབ་ལོག་སྤྱོད་ཟེར། ། རང་མགོ་རང་གིས་མ་ཐོན་སྐྱག་ཕྲུག་ཟེར། ། དེ་ཚོ་གསུམ་ག་ང་ཡི་མིང་དུ་འབོད། ། ཕྱི་མར་རྐང་རྗེས་ཡོད་པའི་མི་ཚེ་ཞིག ། ང་ཡིས་བསྐྱལ་དགོས་དྲན་པའི་སྤོབས་པ་ཡོད། ། འོན་ཏེ་ཀུན་གྱི་ལྷམ་གྱི་རྡོག་པའི་འོག ། གྲོགས་མའི་ཚེ་དང་འདྲ་བར་ལུས་འདི་སྐྱོ། ། གསུངས་དང་རྒྱང་རིང་གྲོགས་པོ་ཟླ་བ་ལགས། ། ང་ཡི་མི་ཚེ་འདི་ཡི་མཐའ་མཇུག་ཏུ། ། འོད་སྟོང་ལྡན་པའི་ཉིན་བྱེད་གཞོན་ནུ་ཞིག ། བདག་ལ་སྒུག་བཞིན་ཡོད་པ་གཟིགས་ལགས་སམ། ། དུང་ཟླ་ཁྱེད་ཀྱང་སྐབས་ཤིག་ནག་ཕྱོགས་ཀྱིས། ། ཧམ་ཟོས་བྱས་ནས་མེད་པར་གྱུར་ལགས་ཀྱང༌། ། བར་སྐབས་ཤིག་ནས་མཛེས་པའི་འོད་སྟོང་གིས། ། སྤྲས་ནས་སླར་ཡང་འཁྲུངས་པ་མ་ལགས་སམ། ། མུན་ནག་འཇིག་རྟེན་འདི་ནས་ཀྱག་ཀྱོག་གི། ། འཕྲང་ལམ་དོག་པོ་འདི་ཉིད་བརྒལ་བའི་མཐར། ། ཡངས་པའི་འཇིག་རྟེན་གསར་པའི་ཞིང་ཁམས་དེར། ། དྲོད་འཇམ་ལྡན་པའི་དབུགས་ཤིག་གཏོང་ན་བསམ། ། ཕམ་པ་རྒྱལ་ཁའི་གཞི་ཞེས་གསུངས་ལགས་ན། ། ཏན་ཏན་ཉིན་གཅིག་བེ་རི་སྨྱོན་ཕྲུག་ང༌། ། མུན་པའི་དྲ་རྒྱ་འདི་ལས་གྲོལ་འགྲོ་བའི། ། ཡིད་ཆེས་རེ་བ་མ་ཟད་གདེང་ཚོད་ཡོད། ། ༢༠༠༧ ༢ ༢༨ ཉིན་རང་ཤག་ཏུ་ཉོབ་སྣང་ཆེན་པོ་ ཞིག་གི་སྐབས་སུ་བྲིས། པད་ཤག་དང་སྤྲང་པོའི་མི་ཚེ། ཀ་ར་ཀུ་ཤུའི་ཤིང་ཏོག་མངར་མོ་དང༌། ། ཁ་ལ་ཟ་རྒྱུའི་ཁ་ལག་ཞིམ་པོ་སོས། ། གང་ཞིག་གཞན་གྱི་ས་ནས་ཉོ་བའི་སྐབས། ། ང་ལ་པད་ཤག་མེད་དུས་ཡིད་རེ་སྐྱོ། ། ཅ་ཅོ་གཏམ་གྱི་ངོ་དགའ་སྤྲེལ་ལད་དང༌། ། ཆ་ལུགས་སྒེག་མོའི་འཆོར་འགྲོས་མི་ཤེས་པས། ། ཇ་ཞིག་འཐུང་བའི་དངུལ་གྱིས་མ་འདང་ནས། ། ཉ་ར་ཉོ་རེས་མི་ཚེ་རྫོགས་འདི་སྐྱོ། ། ཏ་ཐ་ག་དའི་གསུང་རབ་ཀློག་བྱས་ཏེ། ། ཐ་དག་སྡུག་བསྔལ་རྒྱུ་རུ་ཤེས་ན་ཡང༌། ། ད་ཆ་དངུལ་གྱིས་ཕུང་ནས་སྡོད་པའི་སྐབས། ། ན་ནིང་སྦྱངས་པའི་གཞུང་དོན་བརྗེད་ལ་ཁད། ། ཕ་ཕ་རྒན་པོའི་འབད་རྩོལ་ལས་གྲུབ་པའི། ། ཕ་གི་ལྕགས་སྒམ་ནང་གི་པད་ཤག་དེ། ། བན་རྒན་དེ་ཚོའི་ལྷན་དུ་འཁྱམས་ཉུལ་ཆེད། ། མ་རབས་ང་ཡིས་བེད་སྤྱོད་གཏང་མི་འདོད། ། ཙ་རི་སོགས་ལ་གཏན་གྱི་གནས་བཅའ་སྟེ། ། ཚ་གྲང་ཁྱད་གསོད་དཀའ་སྤྱོད་མི་ནུས་པས། ། ཛ་ར་ཛོ་རེའི་མི་ཚེ་མ་རྫོགས་གོང༌། ། ཝ་ལེར་པད་ཤག་དོན་དུ་འབད་ན་བཟང༌། ། ཞ་ལྟར་འཁྱོག་པའི་དེང་སང་གྲོགས་པོ་དག ། ཟ་རྒྱུ་མཐོང་དུས་མིག་མེད་གྲོག་མ་བཞིན། ། འ་ཅག་དངུལ་གྱིས་ཕུང་བའི་སྐབས་རྣམས་སུ། ། ཡ་རབས་དེ་ཚོ་བཙལ་ནའང་རྙེད་པར་དཀའ། ། ར་རྒན་ལྟ་བུའི་དུད་འགྲོ་ཕར་ཕུད་པའི། ། ལ་དང་ལུང་པ་གང་དུ་འགྲོ་ན་ཡང༌། ། ཤ་ཁྲག་ལུས་འདི་ཐལ་བར་མ་བསྒྱུར་བར། ། ས་སྟེང་འདི་ན་པད་ཤག་མེད་ཐབས་མེད། ། ཧ་ཧ་པད་ཤག་ཡོད་ན་སྐྱིད་པ་ལ། ། ་ ཧ་ཅང་འབྱོར་པ་ཆེ་ན་དགའ་བ་ལ། ། ཨ་རི་འགྲོ་རྒྱུའི་གཉིད་ལམ་རྟག་ཏུ་རྨིས། ། ཨ་སྒོར་བསམ་བཞིན་བསམབཞིན་མི་ཚེ་རྫོགས། ། ༢༠༠༥ ༩ ༨ ཉིན་དགག་དབྱེའི་སྐབས་པད་ཤག་རྫོགས་ནས་ རང་ཤག་ཏུ་ཛམ་བྷ་བྷ་ལ་གསོལ་བ་འདེབས་བཞིན་བེ་རི་དཔལ་ལྡན་རྣམ་རྒྱལ་ བས་ཐོལ་བྱུང་དུ་སུག་བྲིས་སུ་བགྱིས་པའོ།། དཀར་སེར་དམར་ལྷང་གི་སྙན་དངགས། དཀར་མཛེས་བདེ་བ་ཅན་ལ་སྐྱེ་བའི་ཆེད། ། སེར་པོའི་ལག་ཁྱེར་མྱུར་དུ་བཟོ་བའི་སླད། ། དམར་པོའི་ཚ་རླབས་འབར་བའི་ས་མཐའ་འདིར། ། ལྗང་ཁུའི་དེབ་ཀྱི་ཚོང་འབྲེལ་ཤིན་ཏུ་ཟབ། ། དཀར་གཙང་བདེ་བ་ཅན་གྱི་གསང་སྤྱོད་ནང༌། ། སེར་པོའི་གོས་བཟང་སྐུང་ནས་བྲེལ་འཚུབ་ངང༌། ། དམར་པོའི་པད་ཤག་གསོག་པའི་ངལ་དུབ་ཀྱིས། ། ལྗང་ལྗང་ལོ་འདབ་ཟད་པའི་སྙིང་སྟོབས་ཆེ། ། དཀར་མཛེས་དབྱིན་མོའི་བཞིན་རས་མཐོང་བ་ན། ། སེར་པོ་གསེར་བཟང་སྟོང་གིས་མི་ཁུག་པའི། ། དམར་པོའི་སེམས་ཀྱི་མི་མངོན་རིན་ཆེན་ནོར། ། ལྗང་ལྗང་ཐང་ལ་བསྐྱུར་བའི་གློ་ཁོག་ཆེ། ། དཀར་མཛེས་འོག་མིན་ཞིང་གི་ཚེ་གཡོག་དྲུང༌། ། སེར་པོའི་གསེར་སྦྲང་པད་མར་འཁོར་བ་བཞིན། ། དམར་པོའི་ཚ་བའི་ཡུལ་འདིར་མི་ཀུན་གྱིས། ། ལྗང་ཁུའི་ནེ་ཙོ་ཇི་བཞིན་སྙན་སྒྲོག་མཁས། ། དཀར་ནག་དབྱེ་མཚམས་མེད་པའི་འཇིག་རྟེན་འདིར། ། སེར་མོ་བ་ནས་བཟུང་སྟེ་བྱིས་པའི་བར། ། དམར་པོའི་པད་ཤག་ཁོ་ནའི་རྗེས་འགྲོ་ཕྱིར། ། ལྗང་ཁུའི་ཀླད་ཅན་ཁོ་བོ་ཡིད་རེ་མུག ། ༢༠༠༦ ༤ ༦ ཉིན་ཕྱག་ཁང་དུ། ཅི་ཡང་མེད་པའི་སྙན་དངགས། སྐྱེས་པའི་དྲིན་ཆེན་ཕ་མ་ང་ལ་མེད། ། ཤ་ཁྲག་གཅིག་པའི་སྤུན་མཆེད་ང་ལ་མེད། ། ཚ་ཞང་ཨ་ཁུ་ཨ་སྲུ་ང་ལ་མེད། ། སྡུག་བསྔལ་ཀུན་འབྱུང་ཁྱིམ་ཚང་ང་ལ་མེད། ། ཆེན་པོའི་ཐོབ་དང་གོ་ས་ང་ལ་མེད། ། ཀུན་དགའ་དཔལ་དང་འབྱོར་བ་ང་ལ་མེད། ། རིགས་རྒྱུད་མཐོན་པའི་རྒྱབ་རྟེན་ང་ལ་མེད། ། འཛུམ་དཀར་སྟོན་པའི་གྲོགས་པོ་ང་ལ་མེད། ། ཡིད་འོང་ཟླ་བའི་བཞིན་རས་ང་ལ་མེད། ། འདོད་འཇོ་ལུས་ཀྱི་སྒེག་འགྲོས་ང་ལ་མེད། ། སྨྲ་མཁས་ངག་གི་སྒྱུ་སྩལ་ང་ལ་མེད། ། མཛེས་ལྡན་སྙིང་གི་དགའ་གྲོགས་ང་ལ་མེད། ། ལྕེ་དཔྱང་མགོ་འཕུར་སྤྲེལ་ལད་ང་ལ་མེད། ། བསླུ་བྲིད་ངག་གི་རྫུན་ཚིག་ང་ལ་མེད། ། གཞན་མགོ་བསྐོར་བའི་ཐབས་ཇུས་ང་ལ་མེད། ། མགོ་ནག་མི་ཡི་རྩི་མཐོང་ང་ལ་མེད། ། ཕྱི་ཡི་སྤྱོད་པ་བཟང་པོ་ང་ལ་མེད། ། ནང་གི་ཤེས་བྱ་ཡོན་ཏན་ང་ལ་མེད། ། ཕྱི་ནང་ཡོན་ཏན་སྣ་གཅིག་ང་ལ་མེད། ། མགོ་བོ་བཏེགས་ནས་འགྲོ་ས་ང་ལ་མེད། ། ཅི་ཡང་མེད་མཁན་ང་འདྲ་གང་ན་མེད། ། མེད་ཀྱང་མེད་པའི་འགྱོད་པ་ང་ལ་མེད། ། མེད་པས་ཡོད་པར་བྱེད་སྙམ་ང་ལ་མེད། ། མེད་དོ་མེད་དོ་ཡོད་ཚད་ང་ལ་མེད། ། བསླུ་མེད་ལས་དང་རྒྱུ་འབྲས་ཁྱེད་ལ་མེད། ། བདེན་པའི་ལམ་སྣེ་ཡངས་པོ་ཁྱེད་ལ་མེད། ། ངོ་ཚ་ཁྲེལ་དང་གཞུང་པ་ཁྱེད་ལ་མེད། ། སེམས་ཀྱི་ཡིད་ཆེས་མཛེས་མ་ཁྱེད་ལ་མེད། ། ལེགས་ཉེས་འབྱེད་པའི་མིག་ཟུང་ཁྱེད་ལ་མེད། ། མི་འགྱུར་ངང་རྒྱུད་རིང་པོ་ཁྱེད་ལ་མེད། ། སྲོག་དང་བསྡོས་པའི་བརྩེ་གདུང་ཁྱེད་ལ་མེད། ། ང་ཡི་དུང་སེམས་མཛེས་མ་ཁྱེད་ལ་མེད། ། བདེན་དང་རྫུན་པའི་མགོ་མཇུག་འདི་ན་མེད། ། ཡིད་གཞུངས་མགོ་ནག་མི་ཞིག་འདི་ན་མེད། ། ལས་འབྲས་དྲང་གཏམ་སྒྲོག་ས་འདི་ན་མེད། ། འཇིག་རྟེན་འདིའི་ནང་བསྡད་འདོད་ང་ལ་མེད། ། ༢༠༠༦ ༡ ༡༦ ཉིན་ཨ་མ་ར་བ་ཏི་འགྲེམས་སྟོན་ཁང་གི་མེ་ཏོག་ལྡུམ་ རའི་ནང་བྲིས། མཐོང་ཆུང་མ་གནང་རོགས། ངའི་ཉེ་འཁོར་གྱི་མི་ཚོར་རེ་སྐུལ་ཞུས་པ། ཕྱི་ཡི་གྱོན་ཆས་སྐྱ་ཞིང་ཧྲུལ་གྱུར་ན། ། སྤྱང་ཁྱི་རྒན་པོ་ཡིས་ཀྱང་སྡང་ཡོང་ཞེས། ། འཇིག་རྟེན་རྒན་པོའི་ཉམས་མྱོང་སྡོམ་ཚིག་འདིར། ། ཡིད་འཆེས་རྙེད་པའི་བདེན་ཁ་གཞིས་ནས་ཐོབ། ། མགོ་མཇུག་མེད་ཅིང་ལེགས་ཉེས་མི་ཤེས་པའི། ། དུས་རབས་གསར་པའི་སྤྱི་ཚོགས་འདི་ཡི་ཁྲོད། ། ཉམ་ཆུང་མི་ལ་མཐོང་ཆུང་ཁྱད་གསོད་དང༌། ། སྤྲང་བོའི་བུ་ལ་མྱི་ཁ་སྟོང་དུ་རྒོད། ། ཉམ་ཆུང་ཟོལ་གྱིས་ག་ལེར་བསྐྱོད་པ་ན༌། ། ཟོག་པོ་ཞེས་ཏེ་ཀུན་གྱིས་བཤུང་ཚིག་འཕང༌། ། ཉམ་ཆུང་སྤྱོད་པས་ཁྱེད་ལ་ཅི་གནོད་ལགས། ། སྤྲང་བོའི་བུ་ལ་མཐོང་ཆུང་མ་གནང་རོགས། ། ཕོར་བ་འཁྱེར་ནས་ལྟོ་ཞིག་སློང་བ་ན། ། ཟས་ཀྱི་ཚབ་ཏུ་གཤེ་གཤེ་མང་དུ་གནང༌། ། རྐུ་ལས་སློང་བའི་བྱ་བ་མི་ལེགས་སམ། ། སྤྲང་བོའི་བུ་ལ་མཐོང་ཆུང་མ་གནང་རོགས། ། ཕན་པའི་སེམས་ཀྱིས་རོགས་ཤིག་བྱེད་ཙ་ན། ། དྲིན་ལ་དྲིན་དུ་མ་གོ་ཁྲལ་རྒོད་བྱེད། ། ང་ཡི་ཕན་སེམས་ངན་སེམས་ཡིན་ལགས་སམ། ། སྤྲང་བོའི་བུ་ལ་མཐོང་ཆུང་མ་གནང་རོགས། ། རང་དགོས་སློབ་གཉེར་འབད་པས་བྱེད་པ་ན། ། ཕྲག་དོག་གིས་མྱོས་གནོད་སེམས་ཁོག་ཏུ་བཅངས། ། ང་ཡི་སློབ་གསོས་ཁྱེད་ལ་ཅི་གནོད་ལགས། ། སྤྲང་བོའི་བུ་ལ་མཐོང་ཆུང་མ་གནང་རོགས། ། དཔལ་འབྱོར་མེད་པས་ཀུན་གྱིས་རྡོག་པས་རྫིས། ། གཉེན་སྤུན་མེད་པས་ཀུན་གྱིས་ཟུར་དུ་ཕུད། ། རྒྱབ་རྩ་མེད་པས་ཀུན་གྱིས་མཆིལ་ཞགས་འཕངས། ། སྤྲང་བོའི་མི་ཚེ་འདི་ལྟར་འཁྱོལ་བར་དཀའ། ། དེ་ལྟར་སྤྲང་བོ་དང་ནི་ཉམ་ཆུང་ལ། ། ཀུན་གྱིས་བརྙས་ཤིང་མཐོང་ཆུང་བྱེད་པ་འདི། ། འཇིག་རྟེན་འདི་ཡི་ཆོས་ཉིད་ཡིན་ལགས་ན། ། མགོ་བོ་སྒུར་ཏེ་མི་བཟེད་ཀ་མེད་ལགས། ། འོན་ཏེ་ནམ་ཞིག་བེ་རི་སྨྱོན་ཕྲུག་ངའི། ། ཕུགས་མདུན་བཟང་བོ་མངོན་དུ་གྱུར་བ་ན། ། ཁྱེད་ཆག་ང་ལ་གཟིགས་མོ་མཛོད་ཅིག་དང༌། ། འོད་སྟོང་འབར་བའི་ཉི་མ་མཐོང་བར་ངེས། ། དེ་སྐབས་ཁྱེད་ཅག་སླར་ཡང་ཁོ་བ་ལ། ། བརྙས་བཅོས་མཐོང་ཆུང་གནང་བར་མཛོད་ཅིག་དང༌། ། ཁོ་བོས་ཕྱིར་བལྟས་སློག་བཞིན་ཁྱེད་ཅག་གི ། རྣ་བར་གད་པའི་ཁྲལ་རྒོད་ལན་གཅིག་བྱེད། ། ༢༠༠༨ ༡༡ ༢༨ ཉིན་དགའ་ཤར་ལྷོ་པ་ཁང་ཚན་གྱིས་ཡང་སྟེང་དུ་ གནས་ཚུལ་དུ་མ་ཞིག་གི་རྐྱེན་བྱས་ཏེ་ཤར་མར་སྤེལ། རྟ་ལས་ལྷུང་ཡང་ས་ལ་རྡབ་མ་མྱོང༌། ༢༠༠༧ ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས།། ན་ནིང་ཁོ་བོའི་ཡབ་ཆེན་དམ་པ་སྙུང་གཞི་དྲག་པས་མནར་བའི་རྐྱེན། བདག་ཀྱང་སྨན་ཁང་འདྲ་མིན་ནང་དུ་ཟླ་བ་ཁ་ཤས་སྡོད་པའི་རིང༌།། ལོ་འཁོར་རྒྱུགས་སྤྲོད་མཉམ་དུ་འཁེལ་བས་ཨ་ཕའི་ནད་གཡོག་རྒྱུག་ཞོར་དུ།། སྔོན་གྱི་གྲ་སྒྲིག་གང་ཡང་མེད་པར་ཡིག་རྒྱུག་ཚང་མ་བཏང་ཁུལ་བྱས།། འོན་ཏེ་ལོ་འཁོར་སྔོན་མ་བཞིན་དུ་རྩེ་ཕུད་བྱ་དགའ་མ་ཐོབ་པས།། ལ་ལ་ཕྲག་དོག་དུག་གིས་སྨྱོས་ནས་སྨོད་ཚིག་ལྐོག་མདའ་ཕྲེད་ནས་འཕངས།། ལ་ལས་ཤ་ཚ་ཡིན་པའི་ཟོལ་གྱིས་ཨ་ཁ་ཁ་ཞེས་རྒྱུན་དུ་གླེང༌།། ལ་ལ་སྙིང་ནད་སེལ་སོང་སྙམ་ནས་སྙིང་གི་དགོད་སྒྲ་གྱེར་འདུག་སྙམ།། སྔོན་ནས་ད་བར་རྩེ་སོན་བྱ་དགའ་མི་ལྕོགས་པ་ཞིག་ཐོབ་མྱོང་ཡང༌།། ཡིད་སེམས་སྤྲོ་བའི་དམིགས་བསལ་ཚོར་བ་ཅི་ཡང་བདག་ལ་བྱུང་མྱོང་མེད།། འོན་ཏེ་ཀ་ཁ་མགོ་མཇུག་མི་ཤེས་ང་ཡི་ཨ་ཕ་དྲིན་ཅན་དེའི།། ཐུགས་སེམས་སྤྲོ་ཆེད་ད་ལྟ་བར་དུ་རྩེར་སོན་བྱ་དགའ་རིམ་གྱིས་བླངས།། ད་ལོ་འདི་ན་ཡོ་ལང་ཆེ་བའི་དུས་སྐབས་གཉན་འཕྲང་འདི་ཡི་ནང༌།། རླུང་རྟ་ཞིག་གིས་སྐུལ་བ་ཡིན་ནམ་རྣམ་དཔྱོད་མེ་རླབས་འབར་བ་ཡིན།། རྩེ་ཕུད་དང་བོའི་བྱ་དགའ་གཟེངས་བསྟོད་སྨྱོན་ཕྲུག་ང་ལ་ཐོབ་སོང་བས།། ཉེ་འཁོར་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བསྟོད་སྨད་འུར་སྒྲས་སླར་ཡང་གང༌།། ཀ་ཁ་གཡག་གི་མགོ་ལྟར་བྲིས་ཀྱང་ང་ཡིས་ཨ་ཕས་མི་ཤེས་པས།། བུ་ངས་འདི་ལྟར་ཤེས་སོང་ཟེར་ནས་ཁྱེད་ལ་འགྲེལ་བཤད་བྱེད་ཐབས་བྲལ།། དེའི་ཕྱིར་བདག་གི་བྱ་དགའ་འདི་ཀོས་ང་ཡི་ཤེས་ཚད་འགྲེལ་བརྗོད་བྱེད།། དེ་ལུགས་ཁྱེད་བདེ་བར་བཞུགས་ཤིག་ང་ལ་ཐུགས་ཁྲལ་དགོས་དོན་མེད།། དྲིན་ཆེན་ཨ་མའི་ཞལ་ཆེམས་ཇི་བཞིན་གནའ་དེང་རིག་པའི་གཞུང་ལུགས་ཀུན།། འཆད་རྩོད་རྩོམ་གསུམ་གང་ལ་འཇུག་ཀྱང་ཞུམ་མེད་སྤོབས་པ་རྙེད་བྱུང་བས།། བདེ་ཅན་ཞིང་གི་ཨ་མ་དང་ནི་ཉལ་སར་ལུས་པའི་ཨ་ཕ་ཟུང༌།། བུ་ཆུང་ང་ལ་ཐུགས་ཁྲལ་མི་དགོས་ཁྱེད་གཉིས་རེ་དོན་སྒྲུབ་ངེས་ཡིན།། བེ་རི་སྤྱི་ཁང་དུ། ང་དང་ངའི་ལས་དབང༌། དབང་ཆེན་ལྷ་ཡི་བཀའ་ཆད་ཡིན་ནམ་ལས་དབང་བཙན་པོའི་བརྙས་བཅོས་ཡིན། སུ་དང་གང་གི་མགོན་སྐྱབས་མེད་པར་ས་མཐའི་གྲུ་ཁའི་ཟུར་ཞིག་ན།། ཆོ་ངེ་དྲག་པོས་གནམ་ས་བསྒུལ་ཀྱང་སྙིང་རྗེའི་སྤྱན་གྱིས་མི་གཟིགས་པར།། མཐོང་ཆུང་ལྷམ་གྱི་རྡོག་པས་རྫིས་དུས་སྙན་ངག་མིག་ཆུའི་རླབས་དང་འདྲེས།། རྒྱུ་དང་དཔལ་འབྱོར་དབང་ཐང་ཡོད་ན་བླུན་པོ་ཡིན་ཡང་ཀུན་གྱིས་བཀུར།། དབང་དང་གོ་ས་གང་ལ་མེད་ན་མཁས་པ་ཡིན་ཡང་ཀུན་གྱིས་སྨད།། ཆོས་བརྒྱད་རྦ་རླབས་རབ་ཏུ་འཁྲུག་པའི་དུས་རབས་གསར་པའི་འཇིག་རྟེན་འདིར།། ཇི་ཙམ་འདི་རུ་སྡོད་ཡུན་རིང་ན་སྙིང་གི་ན་ཟུག་དེ་བས་ཆེ།། སྙིང་གི་འཕར་ལྡིང་རེ་རེའི་ལྷན་དུ་སྐྱོ་གདུང་ན་ཟུག་ཤུགས་ཀྱིས་སློང༌།། དབུགས་ཀྱི་རྒྱུ་བ་རེ་རེའི་ལྷན་དུ་ཆོ་ངེ་དྲག་པོ་ཁ་ནས་ཤོར།། སྙན་ངག་ཚིག་འབྲུ་རེ་རེའི་ལྷན་དུ་སྙིང་གི་ན་ཟུག་གསལ་བར་བྱེད།། མི་ཚེའི་སྐར་ཆ་རེ་རེའི་ལྷན་དུ་སྐྱོ་གདུང་འབུམ་ཕྲག་གྲོགས་སུ་མཆིས།། སུ་དང་གང་གི་བྱམས་སྐྱོང་མེད་དུས་ད་ཕྲུག་ཡིན་པར་གཞིས་ནས་ཚོར།། ཀུན་གྱིས་གྲོགས་ནས་ཕྱི་རུ་ཕུད་དུས་སྤྲང་བོ་ཡིན་པར་གཞིས་ནས་ཤེས།། མཐོང་ཆུང་འཕྱ་སྨོད་ཀུན་གྱིས་བྱེད་དུས་ཉམ་ཆུང་ཡིན་པར་གཞིས་ནས་རྟོགས།། གནས་བབ་ངོ་མ་གསལ་བར་ཤེས་དུས་འགྱོད་པའི་དབུགས་རིང་གཞིས་ནས་ཤོར།། ལས་དབང་བཙན་པོས་འགྲམ་ལྕག་གཞུས་པས་མདུན་སྐྱོད་གོམ་པ་ཕྲེད་དུ་ཤོར།། ཚ་ཞང་སྤུན་གྲོགས་སུས་ཀྱང་མ་གཟིགས་གོམ་པའི་འཕྱོར་འགྲོས་གསོ་མ་ཐུབ།། འཕྱར་མ་འཕྱོར་གྱི་གོམ་འགྲོས་འདི་ཡིས་མི་ཚེའི་མདུན་ལམ་འཚོལ་བྱས་པས།། ནམ་ཞིག་ཕུགས་འདུན་མངོན་དུ་གྱུར་ཚེ་ཁྱེད་ཅག་གཟིགས་མོར་མཛོད་ཅིག་ལོ།། ༢༠༠༨ ༡༠ ༡༠ ཉིན་མན་ཇུ་ཏྲི་ལར་བྲིས།། ང་ང་རང་ལ་དགའ། དུང་ཟླ་དཀར་པོའི་འཛུམ་མདངས་ཀུན་ལ་འཕྲོ། ། ལྷོ་རླུང་བསིལ་བོས་གཟན་ཤམས་རླུང་གིས་བསྐྱོད། ། ཡོད་ཚད་གཉིད་ལ་ཡུར་བའི་མཚན་མོ་དེར། ། ཁེར་རྐྱང་ཚིག་ལབ་མིག་ཆུའི་རླབས་དང་འདྲེས། ། རྒྱུ་མེད་སྤྲང་པོའི་རིགས་ལ་ཁྱི་ཡིས་ཀྱང༌། ། སྡང་ཡོང་ཞེས་པའི་གཏམ་འདི་ཅིས་མི་བདེན། ། སྤྲང་བོའི་བུ་ང་ཁྱེར་རྐྱང་འཕྲང་ལམ་དེར། ། མཐོ་དམན་ཀུན་གྱིས་སྡིགས་མོས་ཀུན་ནས་གཙེར། ། ཡར་ལ་འགྲོ་ན་མྱི་ཁའི་ལྐོག་མདའ་འཕང༌། ། མར་ལ་ལྷུང་ན་མཐོང་ཆུང་རྐང་འོག་རྫིས། ། གར་འགྲོ་རང་དབང་བྲལ་བའི་ཤུལ་ལམ་ནས། ། ཨ་ཐང་ཆད་པའི་དབུགས་རིང་སྟོང་དུ་བརྩེགས། ། བདེན་རྫུན་གོ་རིམས་ལྡོག་པའི་གྲུ་ཁ་འདིར། ། མཇུག་མེད་ཁྱི་རྒན་རྒྱལ་པོར་གྱུར་པའི་འོག ། བེ་རི་སྨྱོན་ཕྲུག་ཅེས་བྱའི་སེང་གེའི་བུ། ། ཞུམ་པའི་མགོ་བོ་སྨད་པ་ཅི་ཡིས་ལན། ། འཇིག་རྟེན་འདི་ན་རྒྱུ་དང་གོ་གནས་གཉིས། ། གང་ལ་མེད་ན་སྤུན་དང་གྲོགས་པོ་ཀྱང༌། ། བརྩེ་བའི་མིག་ཟུར་ཙམ་གྱིས་མི་གཟིགས་པས། ། རང་ཉིད་རང་ལ་བརྩེ་བས་གཅེས་དགོས་སྙམ། ། བརྙས་དང་མི་ཁའི་འཕྲང་ལམ་འདི་རྒྱུད་ནས། ། ནམ་ཞིག་ཕུགས་བསམ་མངོན་དུ་གྱུར་བ་ན། ། རེ་རྩེར་འཛིགས་ནས་བེ་རི་སྨྱོན་ཕྲུག་ངས། ། ཕྲལ་རྒོད་ལྷན་དུ་ཀི་ཞིག་བཏབ་ན་བསམ། ། ༢༠༠༨ ༧ ༥། འུ་ཅག་འཚོ་བ་འདི་ཅི་ཞིག་གི་ཆེད་དུ་རེད། གཞུང་ཆེན་པོ་ཏི་ཁ་ཤས་མདུན་ངོས་སུ་བཞག་ཅིང༌། ། ལག་པ་ཟུང་གིས་ཕྲེང་བ་ཕུར་ཕུར་ཞིག་བཏང་ནས། ། མིག་རས་བཙུམས་ཏེ་བསམ་གཞིགས་ནན་ཏན་ཞིག་བྱས་དུས། ། ཡོད་ཚད་སྟོང་ལྷང་ལྷང་གི་སྣང་བ་ཞིག་སྟེར་བྱུང༌། ། ཐལ་སྐམ་ཚིག་གི་འཇའ་ལ་དམ་དམ་དུ་འཇུས་ནས། ། སྟོང་བསམ་ནམ་མཁའི་དབྱིངས་སུ་ལྡིང་བསྐོར་ལ་ཆས་ཏེ། ། གཞི་མེད་ཁེངས་པའི་ཀུ་ཆོ་ཇེ་ཆེ་རུ་སྒྲོག་དུས། ། ཞིབ་ཏུ་བསམ་ན་ཐམས་ཅད་ཤ་ཚ་ལས་མི་འདུག ། འཆད་རྩོམ་རྩོམ་པའི་ལག་པ་དུམ་བུ་རུ་ཆད་པའི། ། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་གྱི་ཚོགས་ཀྱིས། ། སངས་རྒྱས་བསྟན་པའི་རྒྱལ་མཚན་ཇི་ལྟར་དུ་འདེགས་ལམ། ། སྙམ་ཞིང་ཨ་ཐད་ཆད་པའི་ཚོར་སྣང་ཞིག་སྐྱེས་བྱུང༌། ། འདི་ལྟར་བཤད་ཚེ་ཀུན་གྱིས་རུབ་བསྐྱོར་ཞིག་བརྒྱབ་ནས། ། ལྟས་ངན་སྨྱོན་པ་ཞེས་བྱའི་ཁ་དམག་གིས་སྡིགས་ཀྱང༌། ། ཕོད་པ་གསུམ་པོ་འདི་ནི་སྙུག་ཐོགས་པ་ཞིག་གི ། འགྱུར་མེད་ལངས་ཕྱོགས་ཡིན་པས་སྐྲག་སྣང་དེ་མི་འདུག ། འུ་ཅག་ཁ་བ་ཅན་པའི་རིག་པ་ཡི་གཞུང་ལུགས། ། འཆད་རྩོད་རྩོམ་གྱིས་དར་སྤེལ་བྱེད་འདོད་དེ་མེད་ན། ། བོད་པ་ཞེས་པའི་མིང་འདི་མགོ་ཐོག་ཏུ་ཁྱེར་ནས། ། བོད་པའི་རིགས་སུ་འཚོ་བའི་དགོས་པ་ཞིག་འདུག་གམ། ། ༢༠༠༧ ༧ ༡༢ ཉིན་རྒྱུན་ལྡན་ཆོས་རའི་ནང་གི་དཔེ་ཆ་བ་ འགའ་ཞིག་གི་བྱ་སྤྱོད་མིག་ལམ་དུ་ཤར་རྗེས་ཐོལ་བྱུང་དུ་བྲིས། སྨྱོན་པའི་བཟི་གླུ། ཕྱིས་དྲགས་པའི་བརྩེ་དུང་སྐྱུར་མོ། འབྲུག་གི་གྲོགས་མོ་རྙིང་པ ་ S. D་ཕུལ་བ། ཀ་ར་བྱེ་རིལ་རོ་མངར་འཕྲོག་པའི་མཛེས་ལྡན་གང་གི་མཆུ་སྒྲོས་ལས། ། ཁ་ཙམ་མིན་པའི་བརྩེ་མདངས་འདྲེས་པའི་མ་བཅོས་སྙིང་གཏམ་དྲོད་མོ་དེ། ། ག་ལེར་སེམས་སུ་དྲན་ཐེངས་རེ་ལ་བརྩེ་གདུང་རྒྱ་མཚོ་འཁོལ་དང་ལྷན། ། ང་ཡི་གཉིད་ཀྱི་རྨི་ལམ་དུའང་ཁྱོད་ཀྱི་མིང་ནས་བོས་སུ་ཤོར། ། ཅ་ཅོ་འདུ་འཛིའི་ཡོ་ལང་ཆེ་བའི་ཨམ་ར་ཝ་ཏའི་གྲོང་བརྡལ་ན། ། ཆ་ལུགས་འགྲོ་སྟངས་གཅིག་པ་མིན་ཡང་བློ་སེམས་གཅིག་ཏུ་མཐུན་གྱུར་པའི། ། ཇ་དང་ཀོ་ཧཕི་འཐུང་བའི་ཞོར་དུ་སྙིང་གཏམ་ལྷུག་པོར་གྲོལ་མཛད་པའི། ། ཉ་མ་ང་ཡི་གྲོགས་མོ་རྙིང་པ་སྐུ་གཟུགས་བདེ་བར་ཞུགས་ལགས་སམ། ། ཏ་ཐ་གཱ་ཏའི་ཞུང་ལུགས་ནང་དུ་བརྩེ་བ་ཀུན་གྱི་རྟེན་ཡིན་གསུངས། ། ཐ་ན་མིག་མེད་གྲོག་མ་དག་ཀྱང་འདོད་པའི་བརྩེ་བའི་རྗེས་སུ་འགྲོ། ། ད་ཆ་ཁྱེད་ཉིད་བརྩེ་གདུང་དྭངས་མས་རེ་སྒུག་ཅུང་ཙམ་གནང་བར། ། ན་ཚོད་རྒས་པའི་ཕ་རྒན་དེ་དང་འཁྲུངས་ས་བསྐྱོན་དོན་ཅི་ཡིན་ནམ། ། པ་ཕ་འདྲ་བའི་ཕ་རྒན་ལྷན་དུ་ཚོར་བ་བདེ་བ་འདུག་ལགས་སམ། ། ཕ་རོལ་མི་ཡིས་འཕྱ་བའི་བརྙས་བཅོས་གང་ཁྱེད་ཐུགས་ཀྱིས་བཟོད་ལགས་སམ། ། བ་མོའི་སད་ཀྱིས་བཅོམ་པ་འདྲ་བའི་ངེད་གཉིས་བརྩེ་གདུང་དྲན་ལགས་སམ། ། མ་ངེས་ཁྱེད་ཀྱི་སྒྱུ་འཕྲུལ་དེ་ཀོ་དྲན་རྟེན་ཟོལ་གྱིས་སེམས་ལ་བརྐོས། ། ཙ་རི་བྲག་ཕུག་གྲུབ་ཁང་བསྟེན་ནས་བཀའ་སྤྱོད་སྒོམ་སྒྲུབ་མ་བྱས་བར། ། ཚ་བའི་མེ་ལས་ལྷག་པར་ཚ་བའི་ལྷད་མེད་བརྩེ་གདུང་དམར་པོ་དེ། ། ཛ་ཛོར་གད་ཀྱི་སྙིགས་མའི་ལྷན་དུ་ཕངས་མེད་གཡུག་པར་མི་ཕོད་ལ། ། ཝ་ལེར་སེམས་སུ་གཅེས་པར་བསྐྱངས་ནས་རྟག་ཏུ་ཉར་ནས་སྡོད་ངེས་ཡིན། ། ཞ་བོས་མིག་གིས་མཐོང་བར་ཐུབ་ཅིང་འོན་པས་རྣ་བས་གོ་ཐུབ་པའི། ། ཟང་ཟིང་འཁོར་བའི་ནོར་བུ་རིན་ཆེན་བརྩེ་གདུང་དྭངས་མའི་ཚོར་བ་འདི། ། འ་འུར་རྒྱུ་དངོས་ཕྲན་བུའི་དོན་དུ་ཕངས་མེད་བཙོང་བར་ཕོད་པ་དེ། ། ཡང་ཡང་སེམས་སུ་དྲན་ཐེངས་རེ་ལ་སྙིང་རླུང་གཟུགས་ཀྱི་སྟོད་ལ་འཚང༌། ། ལས་དབང་གི་བར་སྟོང༌། ལམ་གྲོགས་ཨ་ལྕག T.S ལ་ཕུལ་བ། མེ་རླབས་དམར་པོ་གྱེན་དུ་འཕྱོ་འདྲའི་ལྷ་མཐའི་ཚ་བས་ལུས་ཁམས་བསྲེགས། ། ང་ཡི་ཕ་ཡུལ་སྙིང་ནས་དྲན་པའི་གདུང་བའི་མེ་ལྕེས་སེམས་ཁམས་བསྲེགས། ། ཡོད་ཚད་ཐམས་ཅད་བསྲེགས་ལ་ཉེ་བའི་སྐྱབས་བཅོལ་ལོ་ཟླའི་སྲུབ་ཀ་ནས། ། དེ་རིང་སླར་ཡང་གསུམ་དུས་ཞེ་བརྒྱད་མ་བོས་མདུན་དུ་འབྱོར་ནས་འདུག ། ཆབ་སྲིད་ལྟ་བའི་ལང་ཕྱོགས་འདྲ་མིན་ཡོ་ལང་དྲག་པོའི་འདུ་འཛིའི་འོག ། ལ་ལས་རང་བཙན་གཙངམ་ཡིན་ཞེས་མ་བསྐུལ་མདུན་དུ་ངར་གྱིས་ཤོར། ། ལ་ལས་བྱང་ཆུབ་སེམས་མཆོག་བགྲངས་ཏེ་ཕྲ་ཆུང་བཙུམ་ནས་ཤར་གྱིས་བསྐྱོད། ། མདོར་ན་ཀུན་གྱི་སྐད་ངག་ནང་དུ་ཞུམ་མེད་སྙིང་སྟོབས་གསལ་བར་མཚོན། ། བདག་ཀྱང་དུས་དྲན་སྲུང་རྩི་ཞུ་སར་གཅིག་པུར་དལ་གྱིས་བསྐྱོད་པའི་སྐབས། ། བུ་མོ་ཞིག་གིས་ང་ཡི་མིང་ནས་གསལ་མ་གསལ་གྱིས་བོས་པ་ཐོས། ། ཕྱི་རུ་འཁོར་དུས་བུ་མོ་དེ་ནི་སྔོན་ཆད་ང་ཡིས་མཐོང་མྱོང་ཡང༌། ། སུ་ཞིག་ཡིན་དང་མཚན་ལ་གང་ཡིན་ད་དུང་དྲན་པའི་སྣེ་མ་ཟིན། ། འགྲམ་དུ་ཕེབས་ནས་འཛུམ་ཞིག་བསྟན་པས་ཕར་ལ་འཛུལ་ཞིག་ལམ་དུ་ཕུལ། ། ཁམས་བདེའི་འཚམས་འདྲི་བྱས་པའི་ཞོར་དུ་ཕན་ཚུན་ལབ་གླེང་བྱས་པའི་མཐར། ། ན་ཆུང་དེ་ནི་སྔོན་ཆད་ཁོ་བོ་རྡ་རམ་ས་ལར་བསྐྱོད་པའི་སྐབས། ། ལམ་བར་ཞིག་ནས་ཐུག་འཕྲད་བྱུང་བའི་ལམ་གྲོགས་ཡིན་པ་གཞིས་ནས་ཤེས། ། ན་ཆུང་བུ་མོ་དེ་ཡི་མིང་ལ་ཚེ་རིང་དབྱངས་འཛོམས་ཞེས་བྱ་ཞིང༌། ། ལྡི་ལི་མཐོ་རིམ་སློབ་གཉེར་ཁང་དུ་རྩོམ་རིག་སློབ་ཚན་སྦྱངས་པ་སོགས། ། ཁོང་གི་ལོ་རྒྱུས་ཕྱོགས་རེ་ཙམ་ལས་ཕུགས་ཀྱི་གནས་སྟངས་མི་ཤེས་ལ། ། ལམ་གྲོགས་ཤིག་གི་ངོ་ཤེས་ཙམ་ལས་དམིགས་བསལ་འབྲེལ་བ་གང་ཡང་མེད། ། ལྡི་ལིར་བསྐྱོད་པའི་མེ་འཁོར་དེའི་ནང་བོད་རིགས་གཞན་པ་མི་འདུག་པས། ། བུ་མོ་དེ་ཉིད་ངའི་འགྲམ་ཡོང་ནས་ཁྱེད་རང་གང་ནས་ཕེབས་ཡིན་ཞེས། ། སྤྱི་སྟངས་ལོ་རྒྱུས་འདྲི་བའི་ཟོལ་གྱིས་སྐད་ཆའི་མགོ་བོ་འདི་ནས་བཙུགས། ། ཆོབ་གཏམ་འདྲ་མིན་བཤད་ཁུལ་བྱས་ནས་འགྲུལ་བཞུད་ཉིན་མཚན་བསྐྱལ་ཐབས་བྱས།། བུ་མོ་ཁོང་གི་བཀའ་མོལ་ནང་དུ་བདག་གིས་གོ་བ་མི་ལོན་པའི། ། རྙོག་འཛིང་ཆེ་བའི་གམ་ཚིག་ལྟ་བུའི་སྐད་ཆ་མང་དུ་གསུངས་སོང་ཡང༌། ། འཇིག་རྟེན་ཕོ་མོའི་ཟུར་ཟའི་ཚིག་ལ་ཉམས་མྱོང་གཏན་ནས་མེད་ལགས་ན། ། ཆོབ་ཀྱི་ཚུལ་དུ་ཉན་པ་ཙམ་ལས་དོན་གྱི་གོ་བ་བཙལ་མ་ཤིས། ། འདི་ནི་ང་ཡི་ཁ་བྱང་དང་ནི་ཁ་པར་ཨང་གྲངས་འདི་ཡིན་ཞེས། ། མིང་ཤོག་དུམ་ཞིག་ང་ལ་གནངས་ནས་ཁྱེད་ཀྱི་ཁ་བྱང་སྟེར་རོགས་ཟེར། ། ལམ་གྲོགས་ཤིག་གི་ངོ་ཤེས་ཙམ་ལ་འདི་ལྟར་བྱེད་དོན་ཅི་ཡིན་ནམ། ། བསམ་བཞིན་བསམ་བཞིན་ང་ཡི་ཁ་བྱང་ཁོང་ལ་དེ་ལྟར་ཕུལ་དགོས་བྱུང༌། ། ལྡི་ལི་མེ་འཁོར་བབ་ཚུགས་འབྱོར་ནས་ང་གཉིས་སོ་སོར་གྱེས་པའི་སྐབས། ། ཁ་པར་ངེས་པར་གཏོང་ཤོག་ཅེས་བྱའི་མངགས་ཆ་ནན་པོའི་ཁུལ་གྱིས་གནངས། ། སྒེག་པའི་ཉམས་ཀྱི་ཟུར་མིག་དང་བཅས་འཛུམ་མདངས་ཡང་ཡང་མངོན་པ་ཡང༌། ། དེང་རབས་གཞོན་ནུའི་འགྲོ་སྟངས་ཙམ་ལས་ཕུགས་ཀྱི་གནད་དོན་ཡེ་མ་རྟོགས། ། ཕྱིས་སུ་ཁོ་བོ་གདན་སར་འབྱོར་ནས་བདུན་ཕྲག་གཅིག་ལས་མ་མགོར་གོང༌། ། ན་ཆུང་ཁོང་གི་ཕྱག་བྲིས་དང་པོ་ང་ཡི་ལག་ཏུ་འབྱོར་བྱུང་ལ། ། སྔོན་ཆད་ལས་ཀྱང་རྙོག་འཛིང་ཆེ་བའི་བཀའ་མོལ་མང་པོ་གསུངས་འདུག་པས། ། ཉམ་ཆུང་ཁོ་བོའི་སེམས་པ་ཕྲ་མོ་ཐེ་ཚོམ་དྲ་བའི་རྙི་རུ་ཚུད། ། དེ་ལྟར་དེ་ལྟར་རྙོག་འཛིང་ཕྱག་བྲིས་མང་པོ་འབྱོར་སོང་ཡང༌། ། ད་ལྟ་བར་དུ་ང་ཡིས་ཁོང་ལ་ཡིག་ལན་རྐང་གཅིག་ཕུལ་མྱོང་མེད། ། མགོ་རིལ་མི་ཚེའི་བར་ཆད་ཡིན་སྙམ་འཇིགས་སྐྲག་སྟོང་གི་སེམས་ཁམས་དཀྲུགས། ། གས་ཆག་མེད་པའི་དཀའ་ཡོལ་འདི་ཉིད་རླུང་འཚུལ་ཁྲོད་ལས་སྲུང་དགོས་དྲན། ། དེ་རིང་འདི་ན་ལམ་ཟུར་ཞིག་ནས་མ་བསམ་ཧོབ་སྟེ་ཐུག་བྱུང་བས། ། རྙོག་འཛིང་ཆེ་བའི་འཇིགས་སྐྲག་རྙིང་པར་ཞེ་སྣང་གསར་པའི་ཁ་སྣོན་བཏབ། ། འོན་ཏེ་ཅི་ཡང་མེད་པའི་ཁུལ་གྱིས་མཉམ་དུ་འགྲོ་ཁུལ་བྱས་ན་ཡང༌། ། རྔམ་སྐྲག་སྟོང་གི་སེམས་པ་ཕྲ་མོ་རིམ་པ་དགུ་ཡི་དོང་དུ་ལྷུང༌། ། འཇིགས་ཤིང་འཇིགས་ཤིང་ཚོགས་ཁང་ནང་དུ་གསུང་བཤད་བཀའ་སློབ་ཉན་པའི་སྐབས།། སྔོན་ཆད་ཁོང་གི་ཕྱག་བྲིས་དེ་ཚོ་བདག་ལ་འབྱོར་མིན་དྲིས་སོང་བས། ། དོག་མི་བདེ་བའི་ཚོར་སྣང་ལྷན་དུ་མགོ་བོ་གཡུག་གཡུག་ཙམ་ཞིག་བྱས། ། བརྗོད་ཐབས་བྲལ་བའི་ཚོར་བའི་རིས་ཤིག་ཁོང་གི་གདོང་ལ་རིམ་གྱིས་ཤར། ། ཡིག་ལན་མེད་པའི་རྒྱུ་མཚན་ཅི་ཞེས་དྲི་བའི་གནད་གཅིག་བཏང་བྱུང་བས། ། དེ་ཡི་ལན་དུ་ཕུལ་རྒྱུ་མ་རྙེད་མི་སྨྲའི་བརྟུལ་བཞུགས་འཆང་དགོས་བྱུང༌། ། ན་ཆུང་བུ་མོས་ང་རང་ཁྱེད་ལ་ཞེས་བྱ་ཟེར་ནས་བཤད་མཚམས་ཆད། ། གསལ་མ་གསལ་བྱེད་རྡབ་རྡིག་དེ་ཡིས་ཁོ་བོའི་སེམས་ཁམས་འཇིགས་གྱིས་གས། ། སྨན་ཤར་བུ་མོ་ཞིག་དང་ལྷན་དུ་མགོ་རིལ་བ་ཞིག་བསྐྱོད་པ་འདི། ། ཀུན་གྱི་མིག་ལམ་མཛེས་པ་མིན་ལ་ནང་གི་ཁྲིམས་དང་མཐུན་མ་ལགས། ། དེས་ན་གཏམ་བཤད་ཚར་བའི་མཚམས་སུ་ལམ་སེང་ཡར་ལ་ལོག་མགོ་བརྩམས། ། ན་ཆུང་བུ་མོའི་ཕྲ་ཆུང་མཐའ་རུ་མཆི་མས་ཡོངས་སུ་གང་སྟེ་འདུག ། ང་ཡི་སེམས་ཀྱི་གཡོ་འགུས་དེ་ནི་རྒྱ་མཚོའི་རྦ་རླབས་འཕྱུར་བ་བཞིན། ། ང་ཡི་ལུས་འདི་མྱོང་འགྱུར་བཏུང་བའི་ར་བཟི་རྒྱ་བོའི་གོམ་འགྲོས་བཞིན། ། ང་ཡི་ཁ་འདི་གདམ་གྱིས་བཅོལ་པའི་མི་ཡི་སྣང་བརྙན་སྐུ་འདྲ་བཞིན། ། ང་ཡི་ལུས་ངག་ཡིད་གསུམ་ཡོད་ཚད་བྱང་ཕྱོགས་རླུང་གིས་འཁྱེར་བ་བཞིན། ། རང་ཤག་སྤྱི་བུའི་ནང་དུ་ལོག་ནས་བསམ་གཞིགས་ཐིངས་ཤིག་བྱས་པའི་དུས། ། མངར་སྐྱུར་འདྲེས་མའི་ཚོར་སྣང་མང་པོས་རང་སེམས་གཅིག་ཏུ་གནས་མ་ཐུབ། ། འཇིག་རྟེན་འཁོར་བའི་གྲྭ་ཁ་ཞིག་ན་ཆ་མི་སྙོམས་པའི་ལས་དབང་འདི། ། བསམ་བཞིན་བསམ་བཞིན་འཁོར་བའི་ཆོས་ལ་ཞེན་པའི་བར་སྟོང་རིང་དུ་ཕྲིན། ། བུ་མོ་ཁྱེད་ཀྱི་མིག་ཆུ་ཞིག་གིས་ང་ཡི་གཟན་ཤམས་སྤུད་ཐབས་མེད། ། བུ་མོ་ཁྱེད་ཀྱི་སྒེག་འགྲོས་ཤིག་གིས་ང་ཡི་སྡོམ་པ་བསྐྱུར་ཐབས་མེད། ། བུ་མོ་ཁྱེད་ཀྱི་ལོངས་སྤྱོད་དེ་དང་ང་ཡི་མདུན་ལམ་བརྗེ་ཐབས་མེད། ། བུ་མོ་ཁྱེད་ཀྱིས་ཐུགས་བསམ་བཞེས་རོགས་ང་ཡི་ལམ་གྲོགས་ཚེ་དབྱངས་ལགས། ། འདབ་ཆགས་ཚོགས་ནི་ནམ་མཁའི་དབྱིངས་ལུ་གཤོག་པ་ཡངས་པོར་བགྲད་དེ་འཕུར། ཉ་མོའི་ཚོགས་ནི་རྒྱ་མཚོའི་གཏིང་དུ་འཁྱུག་འཁྱུག་མཛེས་རྩལ་ངོམ་ཏེ་ཉུལ། ། རང་རང་སོ་སོའི་རིགས་དང་མཐུན་པའི་མི་ཚེ་འདི་ལྟར་བསྐྱལ་དགོས་འདི། ། དབང་ཆེན་ལྷ་ཡི་བཀའ་ཆད་མ་ཡིན་ཚེ་རབས་སྔོན་མའི་ལས་དབང་ཞིག ། འཛམ་གླིང་འདི་ཉིད་ཆུང་ཆུང་མིན་ལ་འཇིག་རྟེན་འདི་ཉིད་དེ་བས་མིན། ། རང་དང་མཐུན་པའི་ཕོ་གསར་ཞིག་དང་མི་ཚེ་ལྷན་དུ་བསྐྱལ་ཐབས་ཀྱིས། ། ང་ཡིས་འདི་ནས་སྔ་དགོང་རྣམས་སུ་ཁྱེད་ཉིད་གཏན་དུ་བདེ་བ་ཡི། ། གསོལ་བ་སྨོན་ལམ་ཡང་ཡང་འདེབས་ཆོག་ང་ཡི་ཨ་ལྕག་ཚེ་དབྱངས་ལགས། ། ༢༠༠༧ ༣ ༡༣ ཉིན་རང་ཤག་ཏུ། ཆ་མི་སྙོམས་པའི་ལས་དབང༌། གཞས་མ་ཆོསསྐྱིད་ལ་ཕུལ་བ། དབྱངས་ཅན་བྱིན་རླབས་ཁོག་ཏུ་ཞུགས་ཀྱང་སྲིད། ། ཆགས་པའི་གདོན་འདྲེ་སེམས་ནང་འཛུལ་ཡང་སྲིད། ། མཛེས་ལྡན་ཁྱེད་ཀྱི་སྐུ་པར་མཇལ་ཙམ་གྱིས། ། ཐར་ཐོར་སྙན་ངག་མ་འབད་ལྷུན་གྱིས་ཤོར། ། ང་རང་མཐོང་རྒྱུ་ཆུང་བས་ཡིན་ཡང་སྲིད། ། དངོས་གནས་དམ་པའི་དོནལ་གནས་ཀྱང་སྲིད། ། ཡིད་འཕྲོག་གཞོན་ནུ་ཁྱེད་ཀྱི་མཛེས་སྡུག་ལ། ། དཔེ་ཟླ་སྟོང་གསུམ་ཁྱོན་འདིར་རྙེད་པར་དཀའ། ། དེང་རབས་འཕྲུལ་ཆས་བཅོས་མ་ཡིན་ཡང་སྲིད། ། དྲུག་ཅུ་རྩ་བཞིའི་འགྱུར་ཁུག་ལྡན་ཡང་སྲིད། ། མཛེས་ལྡན་ཁྱེད་ཀྱིས་བཏང་བའི་གླུ་གཞན་དེ། ། ཉམ་ཆུང་བུ་ངའི་སྙིང་ལ་ཡོངས་སུ་སིམ། ། ང་གཉིས་ལས་འབྲེལ་མེད་པ་ཡིན་ཡང་སྲིད། ། ལས་འབྲེལ་དུས་ཀྱིས་བཀག་པ་ཡིན་ཡང་སྲིད། ། ཁྱེད་ཀྱི་སྐུ་པར་མཇལ་བ་ཕྱིས་དྲགས་སོང༌། ། ང་རང་མགོ་རིལ་བྱས་པ་སྔ་དྲགས་སོང༌། ། ཁྲེལ་མེད་ཞབས་འདྲེན་ཁྱོད་ཅེས་སྨད་ཀྱང་སྲིད། ། དངོས་གནས་བདེན་པ་འདུག་ཅེས་བསྟོད་ཀྱང་སྲིད། ། ཉམ་ཆུང་ཞིག་གི་བདེན་པའི་སྙིང་གཏམ་འདི། ། ཕྱི་རུ་མངོན་ལ་ཉེས་སྐྱོན་ཅི་ལ་མཆེས། ། ཤེས་འཇོན་གཉིས་མེད་ཞག་མགོ་ཆག་ཀྱང་སྲིད། ། རྣམ་ཤེས་ཕྲ་མོ་མཁའ་མཐར་ཡལ་ཡང་སྲིད། ། ཐེངས་གཅིག་བཅད་པའི་སྐུ་དང་ཕུ་ཐུང་གཉིས། ། ཡང་བསྐྱར་སྐྱེ་རུ་བཅུག་འདོད་བདག་ལ་མེད། ། ནམ་མཁའི་བླ་མས་ལམ་སྟོན་གནང་ཡང་སྲིད། ། བསླུ་མེད་ལས་ཀྱིས་རམ་འདེགས་བྱས་ཀྱང་སྲིད། ། མཛེས་སྡུག་ལྡན་པའི་མ་འོངས་འཇིག་རྟེན་ན། ། ང་གཉིས་ལྷན་དུ་བདེ་སྐྱིད་འཚོལ་བར་སྨོན། ། ༢༠༠༥ ༡༠ ༧ ཉིན་ལྷོ་ཕྱོགས་ཕོ་ཉ་ ༢༢ ཐོག་བཀོད། ང་དང་སྒྲོལ་མའི་ལས་དབང༌། གྲོགས་མོ་ S.D ལ་སྲིངས་བ། མ་རྒད་ཞུན་མ་སྟོང་དུ་བྱུག་འདྲའི་ནམ་མཁའ་སྔོན་པོ་འདི་ཡི་འོག ། འཇོ་སྒག་ཉམས་ཀྱི་མཛེས་པ་རྫོགས་པའི་བུ་མོ་སྒྲོལ་མ་ཁྱོད་ཉིད་དང༌། ། ཆ་རྒྱུས་མེད་པའི་ས་མཐའ་ཞིག་ནས་སེམས་ཁམས་གཅིག་ཏུ་འདྲེས་པ་འདི། ། ལས་དང་ནམ་མཁའི་དཀོན་མཆོག་གཉིས་ཀྱིས་སྔོན་ནས་བཀོད་བསྒྲིགས་བྱས་པ་བཞིན།། ཡར་འགྲོ་མར་འོང་མི་ཚོགས་མང་པོའི་འཚང་ཁ་སྟོང་དུ་རྒོད་པའི་གསེབ། ། མིག་མཐའ་འཆི་མས་ཡོངས་སུ་ཁེངས་པའི་མཛེས་སྡུག་ལྡན་པའི་གཞོན་ནུ་ཞིག ། འཇམ་གཉེན་ཕྱག་གི་འདམ་མ་ཡངས་པོ་དལ་གྱིས་དལ་གྱིས་གཡོ་བ་ན། ། བརྩེ་གདུང་རྒྱ་མཚོ་སྙིང་ནས་འཁོལ་ཏེ་གྱེས་ཁའི་མིག་ཆུ་ས་ལ་འཐོར། ། མངར་སྐྱུར་ཟུང་གི་འཚོ་བ་འདྲེས་པའི་ཕོ་ལོ་ཉི་ཤུའི་རྒྱུད་རིམ་ནང༌། ། རྣམ་པ་ནམ་མཁའི་ལྷ་བཞིན་མཛེས་པའི་མཛེས་མ་མང་པོ་མཇལ་མྱོང་ལ། ། བརྒྱད་ཅུ་རྩ་བཞིའི་སྒྱུ་སྩལ་རྫོགས་པའི་འཇོ་སྒེག་འགའ་དང་འཕྲད་མྱོང་ཞིང༌། ། ཁུ་བྱུག་གསུང་སྐད་རྐུས་པ་འདྲ་བའི་སྙན་སྒྲོགས་མང་ཡང་གཤིབ་མྱོང་ཡང༌། ། བུ་ངའི་སེམས་ཀྱི་རྒྱ་མཚོའི་དབུས་སུ་འདོད་པའི་རྦ་རླབས་འཕྱུར་མྱོང་མེད། ། ཁ་ནས་འཛུམ་དཀར་སྟོན་པ་ཙམ་ལས་སེམས་ཁམས་གཅིག་ཏུ་མཐུན་མྱོང་མེད། ། མི་མངོན་བརྩེ་སེམས་འོད་ཀྱི་ཞགས་པས་སུ་ཞིག་ལ་ཡང་བཅིང་མྱོང་མེད། ། མི་ཚེའི་ལམ་ན་མཉམ་དུ་བཞུད་འདོད་སེམས་པའི་ཟུར་ན་འཁོར་མྱོང་མེད། ། ཀླུ་སྒྲུབ་ཞབས་ཀྱིས་བྱིན་གྱིས་བརླབས་པའི་ཨམ་ར་བ་ཏི་གནས་མཆོག་ན། ། ཆོས་ཞུ་འབུམ་ཕྲག་ལྷན་དུ་འདུས་པའི་གསུང་ཆོས་ར་བའི་སྡོད་གུར་འོག ། ང་གཉིས་དང་པོར་ཐུག་འཕྲད་བྱུང་སྟེ་སྙིང་གཏམ་བཤད་རེས་བྱས་ནས་བཟུང༌། ། ཁྱེད་ཀྱི་མཛེས་པའི་ལུས་ངག་ཡིད་གསུམ་བུ་ངའི་སེམས་ལ་ཡོངས་སུ་སིམ། ། བཤད་གིན་བཤད་གིན་ཡང་ནས་ཡང་དུ་ཉན་འདོད་ཁྱེད་ཀྱི་གསུངས་དབྱངས་དང༌། ། ཕྲ་སྦོམ་རན་ཞིང་དཀར་ནག་འཚམ་པོའི་འཇོ་སྒེག་ཁྱེད་ཀྱི་སྐུ་གཟུགས་དང༌། ། དྭངས་གཙང་ལྷད་མེད་བརྩེ་གདུང་ཅན་གྱི་གང་ཁྱེད་ཐུགས་རྒྱུད་འདི་རྣམས་ནི། ། ཡང་ཡང་སེམས་སུ་དྲན་པའི་མོད་ལ་བརྩེ་གདུང་མེ་ལྕེ་ལྷག་པར་འཕེལ། ། བསླུ་བྲིད་དྲི་མས་གཞར་ཡང་མ་གོས་ཟོལ་མེད་ཁྱེད་ཀྱི་གཤིས་ཀ་དང༌། ། རྒན་གཞོན་ཐམས་ཅད་འཛུམ་གྱིས་བསུས་པའི་ཡིད་འོང་ཁྱེད་ཀྱི་ཀུན་སྤྱོད་སོགས། ། བུ་ངའི་སེམས་སུ་འཆར་ཐེངས་རེ་ལ་བརྩེ་གདུང་རྒྱ་མཚོ་འཁོལ་གྱུར་ཏེ། ། ཕྲ་ཆུང་མིག་དང་སྨྱུ་གུའི་རྩེ་ནས་མིག་ཆུ་བཞུར་བ་ཉུང་ཉུང་མིན། ། མི་ཚེའི་ལམ་ན་ཁྱེད་དང་ལྷན་དུ་མཉམ་གཤིབ་མཉམ་བགྲོད་བྱེད་ན་འདོད། ། སྲོག་གི་རྟེན་དབང་སྙིང་ཆུང་དམར་པོ་ཁྱེད་ཀྱི་ཆེད་དུ་འབུལ་དགོས་དྲན། ། ང་ལ་བཅངས་པའི་ལྷད་མེད་བརྩེ་གདུང་ང་ཡིས་ནམ་ཡང་བརྗེད་མི་སྲིད། ། བློ་མཐུན་མཛེས་ལྡན་ཁྱོད་ཀྱི་སླད་དུ་ང་ཡི་ཡོད་ཚད་གཏོང་དགོས་དྲན། ། འོན་ཏེ་བདག་ནི་ལས་དབང་བཙན་པོས་འཆར་གཞི་གཏན་འབེབས་བྱས་པའི་འོག ། ལྕགས་རི་དམར་པོས་མཐའ་ནས་བསྐོར་བའི་བཙོན་ཁང་ནང་དུ་བཙུད་ཟིན་པས། ། འདོད་པའི་ནམ་མཁར་ཁྱེད་དང་ལྷན་དུ་འཕུར་ལྡིང་རྩེན་པ་འདོད་ན་ཡང༌། ། མི་མངོན་ཁྲིམས་ཀྱི་འཆིང་ཐག་དཀར་པོ་བཀྲོལ་ལ་ནམ་ཡང་འབད་མ་ནུས། ། ང་ཡི་ལས་ལ་བསམ་ཤེས་གནང་རོགས་ང་ཡི་མཛེས་ལྡན་སྒྲོལ་མ་ལགས། ། ཁྱེད་ཉིད་སྐྱིད་པོར་ཡོངས་བར་ཤོག་ཅིག་ང་ཡི་གྲོགས་མོ་སྒྲོལ་མ་ལགས། ། ང་གཉིས་ཕྱི་མར་མཉམ་འཛོམས་ཡོང་ངེས་ང་ཡི་སྙིང་གི་སྒྲོལ་མ་ལགས། ། ཁྱེད་ཀྱང་འདི་ལྟར་སྨོན་ལམ་འདེབས་རོགས་ང་ཡི་ཕྱི་མའི་སྒྲོལ་མ་ལགས། ། ༢༠༠༦ ༣ ༡༦ ཉིན་ཕྱག་ཁང་དུ་བྲིས། ༼ནོར་ལྡེ་༽ཐོག་བཀོད། ཕྱིར་དྲན་ཐེངས་གཅིག་གི་ན་ཟུག སྙིང་གྲོགས་ K.P ལ་དྲན་རྟེན་དུ་ཕུལ། གང་གི་མཚན་སྙན་རྣ་བའི་བུ་ག་རུ། ། རྒྱུ་བ་ཙམ་གྱིས་སྙན་རིག་སྨྲ་བའི་འདབ། ། ལྷག་པར་གྲོལ་བའི་དབྱངས་ཅན་ངག་གི་ལྟ། ། ཁོ་བོའི་མགྲིན་པའི་ཀློང་དུ་བཞུགས་པར་མཛོད། ། ང་ཡི་བླ་མ་མཁས་དབང་དགེ་ཆོས་ཀྱི། ། འདུ་བྲལ་སྙིང་པོ་མེད་པར་རྟོགས་པའི་གླུ། ། རྒྱུན་དུ་ཁ་འདོན་ཟོལ་གྱིས་ཀློག་ན་ཡང༌། ། འདུ་བྲལ་གདུང་བས་ངའི་སེམས་སྟོང་དུ་འབིགས། ། རྡ་རམ་ས་ལའི་ནགས་ཀླུང་མཐུག་པོའི་ཁྲོད། ། ཁྲི་གདུགས་གཞོན་ནུའི་འཛུམ་མདངས་ཀུན་པ་འཕྲོ། ། འདབ་ཆགས་ཁོ་མོའི་གྲེ་འགྱུར་མཁའ་ནས་སྒྲོག ། ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་རྣ་བར་ལྷུང༌། ། བུ་ངས་ཉིན་ཐོ་བྲིས་དེབ་ཚུར་ལ་བླངས། ། ལོ་གཉིས་གོང་གི་ཉིན་ཐོ་ལན་གཅིག་བཀླགས། ། རབ་རིབ་སྐྱོ་སྣང་འབར་བའི་ཟུར་ཁ་ནས། ། རྒྱང་རིང་མཛའ་གྲོགས་ཁྱེད་ཉིད་སླར་ཡང་ཤར། ། འདས་པའི་ལྷན་དུ་འཛོམས་པའི་སྤྲོ་སྣང་དང༌། ། ད་ལྟའི་སོ་སོར་གྱེས་པའི་སྐྱོ་སྣང་གཉིས། ། དགའ་སྐྱོ་བསྣོལ་མར་འཐབ་པའི་ཧྲག་བར་ནས། ། མིག་ཆུའི་ཐིགས་པ་དབང་མེད་ས་ལ་ལྷུང༌། ། ཁྱོད་ནི་རྒྱང་རིང་བལ་པོའི་ཡུལ་ནས་འོངས། ། ང་ནི་ཐག་རིང་ཁ་བའི་ལྗོངས་ནས་སླེབས། ། རྒྱས་མེད་ས་མཐའ་འདི་རུ་འཛོམས་པ་འདི། ། ཚེ་སྔོན་ལས་འཕྲོའི་མདུད་པ་ཐེབས་པ་ལགས། ། སུ་དང་གང་གིས་མཚམས་སྦྱོར་མ་བྱས་ཤིང༌། ། དབང་དང་ཤེད་ཀྱིས་བཙན་སྦྱོར་མ་བྱས་ཀྱང༌། ། སེམས་ཁམས་གཅིག་ཏུ་མཐུན་པའི་ལམ་སྣེ་ནས། ། བློ་སེམས་ལྷན་དུ་འདྲེས་པའི་སྣང་བ་བྱིན། ། ཤེས་རིག་འོད་སྣང་འབར་བའི་འཛིན་ཁང་ནང༌། ། ཁྱེད་ཀྱིས་མ་མཁྱེན་ང་ཡིས་བཤད་ཁུལ་དང༌། ། ང་ཡིས་མ་ཤེས་ཁྱེད་ཀྱི་སློབ་པ་སོགས། ། གཅིག་ཕན་གཅིག་གྲོགས་བྱས་པའི་ལོ་རྒྱུས་དྲན། ། ང་ཚོའི་སློབ་གྲྭའི་གུང་སེང་འགའ་ཤས་སྐབས། ། ཨམ་ཕྲག་ནང་དུ་དངུལ་ལོར་ཉུང་ན་ཡང༌། ། ཁྲོམ་དང་སྡུམ་རའི་ནང་ལ་སྤྲོ་འཆམ་དུ། ། ཕྱིན་པའི་སྤྲོ་སྣང་ཚོར་བ་སླར་ཡང་དྲན། ། ཁྱེད་ཀྱིས་ཕ་མས་ང་དང་མ་འགྲོ་ཞེས། ། བཀག་སྡོམ་ཇི་ཙམ་གནང་ཀྱང་ཁྱེད་ཉིད་ནི། ། ལྷད་མེད་བརྩེ་གདུང་སེམས་སུ་ཉར་བྱས་ཏེ། ། ང་དང་ལྷན་དུ་ཡོང་བའི་ཆུལ་དེ་དྲན། ། ཆོལ་ཁ་ལུང་ཚན་སོ་སོ་མི་གཅིག་ཅེས། ། ཕྱོགས་ཞེན་ནག་པོའི་སོག་ལེ་ཟད་ཏོ་ཡིས། ། སླད་མེད་བརྩེ་གདུང་དམ་པའི་རྡོ་རྗེ་འདི། ། ནམ་ཡང་བཏུབ་ཐབས་མེད་འདི་དངོས་པོའི་གཤིས། ། བརྩེ་གདུང་མངར་མོའི་ཚོར་བ་ལ་རོལ་ཏེ། ། ལོ་ཟླའི་འཕྲེང་བ་རྫོགས་པ་ངས་མ་ཤེས། ། ཡུད་ཀྱིས་རྫོགས་པའི་ལོ་ཟླའི་འཕྲེང་བའི་ནང༌། ། ཁྱེད་དང་ང་གཉིས་ཕན་ཚུན་ཁྲོ་མ་མྱོང༌། ། སྡུག་དུས་ཐུང་དུ་གཏོང་བའི་ཐབས་མེད་ན། ། སྐྱིད་དུས་རིང་དུ་གཏོང་ཐབས་ག་ལ་ཡོད། ། ཅེས་པའི་དགེ་ཆོས་སྨྱོན་པའི་ལེགས་བཤད་ལ། ། ཉམས་མྱོང་ཐོག་ནས་བདེན་ཁ་ལན་གཅིག་བྱིན། ། ང་གཉིས་ཕན་ཚུན་ལས་ཀྱིས་འཕྲད་གྱུར་ཅིང༌། ། ང་གཉིས་ཕན་ཚུན་ལས་ཀྱིས་བྲལ་གྱུར་བ། ། ཡོད་ཚད་ལས་ལ་བཅོལ་བའི་རྨོངས་ཞེན་ངས། ། ལས་ལ་འཁང་ར་བྱས་པ་ཉུང་ཉུང་མིན། ། ཁྱེད་ཀྱིས་མདུན་ལམ་ཁྱེད་ཀྱིས་འཚོལ་དགོས་ལ། ། ང་ཡི་མི་ཚེ་ང་ཡིས་བསྐྱལ་དགོས་པས། ། མདུན་ལམ་ཆེད་དུ་ཁྱེད་ཉིད་ཐག་རིང་དུ། ། ཕེབས་པ་དེ་ལ་འཕང་ར་ཅི་ཡང་མེད། ། མཉམ་དུ་ཡོད་དུས་ངའི་སེམས་སྐྱིད་དྲགས་ན། ། མཉམ་དུ་མེད་དུས་ངའི་སེམས་ཅི་མི་སྡུག ། སྡུག་གི་ཁུར་བོ་རང་གི་འཁྱེར་བྱས་ཏེ། ། མིག་ཆུའི་ཐིགས་པ་སེམས་སུ་གསོག་བཞིན་ཡོད། ། རྒྱང་རིང་མཁའ་ནས་ཉི་འོད་འཕྲོ་བ་ན། ། ས་ནས་པད་མོའི་འཛུམ་མདངས་བཞད་གྱུར་ན། ། ཁྱེད་ཉིད་ཐག་རིང་ཡུལ་དུ་ཕེབས་ན་ཡང༌། ། བརྩེ་གདུང་མདུད་པ་ཆད་ཐབས་ག་ལ་ཡོད། ། སྐྱོ་གདུང་ན་ཟུག་སེམས་སུ་འབར་བཞིན་དུ། ། སེམས་ཚོར་སྐྱུར་མོ་སྙན་ངག་རིས་སུ་ཕབ། ། ཁྱེད་ཉིད་ཕྱིས་སུ་བདག་གིས་མ་མཇལ་བར། ། དྲན་རྟེན་རྡོ་རིང་ཟོལ་གྱིས་བདག་གིས་བཞག ། ༢༠༠༨ ༢ ༡༤ ཉིན་འཛམ་གླིང་རྒྱལ་སྤྱིའི་བརྩེ་གདུང་གི་ཉི་མོར་ཕྲན་རི་བོ་གངས་ཅན་པའི་ཐ་སྙད་རིག་པ་སྨྲ་བའི་གྲལ་མཐར་ལུས་པའི་བེ་རི་དཔལ་ལྡན་རྣམ་རྒྱལ་ལམ་ལས་དབང་དང་འགན་དབང་གིས་བྱིན་པའི་མིང་བེ་རི་སྨྱོན་ཕྲུག་གིས་རྡ་རམ་ས་ལ་རྣམ་རྒྱལ་གྲྭ་ཚང་གི་གཤམ་འོག་ཏུ་བྲིས་པ། ཟླ་འོད་འོག་གི་སྙིང་གཏམ། ཨ་ལྕགས་ T.M ལགས་སུ་ཕུལ་བ། ལྷོ་རླུང་བསིལ་བོས་ལུས་པོ་གྲང་ཤུར་ཤུར། ། སྙིང་གཏམ་དྲོན་མོས་སེམས་ཁམས་ཚ་ལམ་ལམ། ། ཚ་གྲང་བསྣོལ་མར་འཐབ་པའི་ཧྲག་བར་ནས། ། གང་ཁྱེད་གསུང་སྐད་ཐོས་པའི་སྐྱིད་ལྷང་ལྷང༌། ། ལག་ཐོགས་ཁ་པར་འཕྲུལ་གྱི་རྒྱུད་ལམ་ནས། ། ང་གཉིས་ཕན་ཚུན་ངོ་ཤེས་གྱུར་ནས་བཟུང༌། ། ངའི་སེམས་མཛའ་བརྩེའི་འོད་ཞགས་དཀར་པོ་ཡིས། ། གང་ཁྱེད་ནམ་ཡང་གློད་པ་གྱུར་མ་ལགས། ། སུ་དང་གང་གིས་ས་བོན་མ་བཏབ་ཅིང༌། ། ཆུ་ལུད་སྦྱོར་བས་ནམ་ཡང་མ་བསྐྱངས་པར། ། ངེད་གཉིས་སེམས་ཁམས་དྭངས་མའི་ཞིང་ས་རུ། ། མཛའ་བརྩེའི་མྱུ་གུ་དབུས་འདི་ཨེ་མ་རྨད། ། དབང་ཆེན་ཚངས་པས་བཙན་བཀས་མ་སྐུལ་ཞིང༌། ། ཡུལ་ཁྲིམས་བཙན་པོས་ལྷན་དུ་མི་སྦྱོར་བར། ། ལྷད་མེད་སེམས་ཁམས་ཕན་ཚུནའདྲེས་པ་འདི། ། དོན་དམ་མཛའ་བརྩེ་དངོས་ཞེས་ཁོ་བོས་འདོད། ། གང་ཁྱེད་ཞལ་རས་མཇལ་སྐལ་མ་ཐོབ་ཅིང༌། ། གང་ཁྱེད་གསུང་སྐད་དངོས་སུ་ཐོས་མ་མྱོང༌། ། འོན་ཏེ་ང་གཉིས་ལྷད་མེད་ཡིད་སེམས་དེ། ། ཕན་ཚུན་དམ་གྱིས་འཁྱུད་འདི་ཨེ་མ་མཚར། ། ལས་ངན་ཁོ་བོས་མི་ལུས་ཐོབ་ན་ཡང༌། ། ཕ་མ་སྤུན་མཆེད་མེད་པའི་ད་ཕྲུག་གྱུར། ། དེ་སླད་ནམ་མཁའི་ལྷ་ཡིས་གནངས་པ་བཞིན། ། ཨ་ལྕགས་ཁྱེད་ཉིད་ཡོད་པས་ཡིད་བློ་ཚིམ། ། དེ་རིང་མཚན་མོར་ཟླ་འོད་དཀར་པོའི་འོག ། ལག་ཐོགས་ཁ་པར་འཕྲུལ་གྱི་རྒྱུད་ལམ་ནས། ། ང་གཉིས་ཕན་ཚུན་སྙིང་གཏམ་ལྷུག་པོ་རུ། ། གླེང་བཞིན་སྡོད་པའི་དུས་སྐབས་བརྗེད་མི་འགྱུར། ། ཉིན་མོར་ནམ་མཁའི་དབྱིངས་སུ་ཉི་མ་གསལ། ། མཚན་མོར་དུང་ཟླ་དཀར་པོའི་འོད་རླབས་འཛུམ། ། ཉི་ཟླ་ཟུང་འདི་ལྷན་དུ་མི་གནས་པས། ། ཡང་ཡང་བསམ་ཚེ་ཡིད་སེམས་ཕངས་པའི་གནས། ། ངེད་གཉིས་ཨ་རོགས་ཁམས་པའི་ཕ་ས་ནས། ། ས་མཐར་ཡོང་བའི་ཕུགས་བསམ་གཅིག་མཚུངས་ཏེ། ། མི་ཚེའི་མདུན་ལམ་ཆེད་དུ་ཡིན་ལགས་པས། ། དེ་སླད་སློབ་སྦྱོང་འབད་པས་བྱེད་པར་འཚལ། ། ཕྲན་ཆུང་བདག་ནི་ཤེས་ཚད་དམན་གྱུར་ཅིང༌། ། གང་ཁྱེད་ང་ཡི་ཨ་ལྕགས་ཡིན་ལགས་ན། ། དེ་ལྟར་གླེང་བའི་འོས་བབ་མི་འདུག་ཀྱང༌། ། མཛའ་བརྩེའི་སེམས་ནས་ཤོར་བས་ནོངས་པ་ཅི། ། ༢༠༠༨ ༥ ༢༠ ཉིན་རང་ཤག་ཏུ་བྲིས། བག་ཆགས་ཀྱི་འཕག་ཚག T.T ཀྱི་མཛུམ་མདངས་སླར་ཡང་མཇལ་རྗེས། གངས་ལྗོངས་གསོལ་མགྲོན་ཁང་གི་ཡང་སྟེང་ན།། ཇ་ཞིག་བཏུང་ནས་མར་ལ་འགྲོ་ཤུལ་དུ། ། ཡུན་རིང་སེམས་ལ་གནས་པའི་ན་ཆུང་མ། ། ག་ལེར་ཕྲ་ཆུང་ཟུར་གྱིས་མཇལ་ཙམ་བྱུང༌། ། དེ་རིང་མཇལ་བ་ཐོག་མ་ག་ལ་ཡིན། ། ཁྱེད་ཉིད་མཇལ་བའི་གྲངས་ཀ་སུ་ཡིས་ཆོད། ། དེ་རིང་ཁྱེད་ཉིད་མཇལ་བའི་ཟུར་ཀ་ནས། ། གནོད་ཐབས་མེད་པའི་ཚོར་བས་མྱོས་པར་གྱུར། ། རྒྱང་རིང་དུང་ཟླ་དཀར་པོ་འཛུམ་ཙམ་གྱིས། ། སེམས་མེད་ཀུ་མུ་ད་ཡང་བཞད་གྱུར་ན། ། ཡིད་འོང་མཛེས་ལྡན་གཞོན་ནུ་འཛུམ་པ་ན། ། འདོད་ལྡན་ང་འདྲ་ཅིའི་ཕྱིར་བརྐམ་མི་འགྱུར། ། དགྱེས་པའི་ཚོར་འདུ་སེམས་དབུས་མེད་ན་ཡང༌། ། ཕྱི་རོལ་བཞིན་གྱི་དཀྱིལ་འཁོར་འཛུམ་པ་ཡིས། ། ཟོལ་གྱིས་བཅོས་པའི་སྒྱུ་མའི་བསླུ་བྲིད་འདིས། ། ངའི་སེམས་བསླུས་པ་གྲངས་ཀྱིས་ག་ལ་ཆོད། ། འོན་ཏེ་ཡུན་རིང་སེམས་སུ་གོམས་གྱུར་པའི། ། བརྩེ་གདུང་ཟབ་མོའི་བག་ཆགས་མཐུག་པོ་འདིར། ། དགའ་བའི་འཛུམ་གྱི་འོད་མདངས་འཕྲོ་བའི་ཚེ། ། བརྩེ་གདུང་སླར་ཡང་མི་འབར་རང་དབང་ཅི། ། དེ་རིང་ཁྱེད་ཉིད་འཛུམ་པས་དགའ་ལྷང་ལྷང༌། ། སང་ཉིན་ཁྱེད་ཉིད་ཁྲོས་བས་སྐྱོ་ལྷང་ལྷང༌། ། དགའ་སྐྱོ་སྣོལ་མར་འཐབ་པའི་ཧྲག་བར་ནས། ། བཏང་སྙོམས་ཚོར་བ་ཞིག་ལ་རོལ་ན་འདོད། ། དགའ་སྐྱོ་འདྲེས་མའི་མི་ཚེ་ཐུང་ངུ་འདིར། ། བརྩེ་གདུང་འདྲ་མིན་ཀུན་གྱི་འབིགས་མྱོང་བས། ། བརྩེ་གདུང་ཞེས་པའི་འཕྲང་ལམ་དོག་པོ་དེ།། ལན་གཅིག་དྲན་པས་སེམས་སུ་འཇིགས་སྣང་འབུམ།། བརྩེ་གདུང་ཞིང་དུ་ཇི་ཙམ་འགྲིམས་གྱུར་བ། ། བརྩེ་གདུང་འདི་ལ་ཞེན་པ་དེ་ཙམ་ལོག ། བརྩེ་གདུང་འདི་ལ་ཞེན་པ་ལོག་བཞིན་དུ། ། བརྩེ་གདུང་འདི་ལྟར་མྱོང་བ་ཅི་ཡི་ལས། ། དེ་རིང་སླར་ཡང་ཚིག་ཐག་ཆོད་པའི་ཐོག ། བརྩེ་གདུང་འདི་ནི་སྡུག་བསྔལ་རྒྱ་མཚོ་རེད། ། ཅེས་བྱའི་མི་འགྱུར་རྡོ་རྗེའི་ཚིག་ཐུང་འདི། ། ང་དང་འདྲ་བར་ཕན་ཕྱིར་འདི་ན་སྨྲས། ། ༢༠༠༧ ༥ ༢༤ ཉིན་ཏྲེ་ཧོར་ཁམས་ཚན་རྙིང་པར་བྲིས། གནོན་མ་ཐུབ་པའི་འཕག་འཚག L.G དང་སླར་ཡང་མཇལ་རྗེས། ཆར་བ་ཟིམ་ཟིམ་འབབ་པའི་དགོང་མོ་དེར། ། མི་ཚོགས་འཚང་ཁ་རྒོད་པའི་སྲང་ལམ་དུ། ། འགྲུལ་པའི་ཡོ་ལང་ཆེ་བའི་འདུས་ཚོགས་ཁྲོད། ། ག་ལེར་འཆམ་འཆམ་ཟོལ་གྱིས་འགྲིམས་པའི་མོད། ། དཀར་དམར་ཚོན་མདངས་སྤེལ་མའི་ཆར་གདུགས་འོག ། ཡུན་རིང་ང་ཡི་སེམས་སུ་གནས་བཅའ་བའི། ། གང་ཁྱེད་ཟུང་ཟླ་དཀར་པོའི་བཞིན་རས་དེ། ། སླར་ཡང་ཁོ་བོའི་མིག་གི་བདུད་རྩིར་ཤར། ། ཁྱེད་ཉིད་ཕྲ་ཆུང་མིག་གིས་མཐོང་ཐེང་རེར། ། བརྩེ་གདུང་མེ་ལྕེ་སླར་ཡང་འབར་མོད་ཀྱང༌། ། དེ་སྐད་ཁྱེད་སྙན་གསོལ་བའི་གློ་ཁོག་ཅིག ། ད་ལྟ་བར་དུ་ང་ལ་སྐྱེས་མ་གྱུར། ། ལག་ཏུ་མཚོན་ཆ་ཐོགས་ནས་ཕ་རོལ་ལ། ། རྒོལ་བའི་གཡུལ་སར་འཇུག་པར་ཁམས་ཕྲུག་རྣམས། ། གཞན་ལས་འཇོན་ཐང་ཆེ་ཡང་གང་ཁྱེད་དྲུང༌། ། སྡར་མ་འདི་འདྲ་གྱུར་པ་ཅི་ཡིན་ནམ། ། ཡང་ཡང་བསམ་མཐར་དེའི་ལན་ཅང་མ་རྙེད། ། ཅི་ཡང་མེད་འདི་དེ་ཡི་ལན་ཡིན་སྙམ། ། བརྩེ་གདུང་གཡུལ་སར་འགྲིམས་སྐབས་སྡར་མ་རྣམས། ། དོན་དམ་བརྩེ་གདུང་དངོས་ཀྱི་དཔའ་བོ་ཡིན། ། དེང་སང་སྲང་ལམ་ཁྲོད་ཀྱི་སྐད་ཆ་ལ། ། གང་ཁྱེད་མཛེས་སྡུག་འབར་བའི་གཟི་འོད་ཀྱིས། ། དེ་གར་དགེ་སློབ་ཀུན་གྱི་ཡིད་སེམས་རྣམས། ། ཅིག་ཅར་འཕྲོག་ཅེས་ཐོས་འདི་དངོས་ཡིན་ནམ། ། གང་ཁྱེད་པད་མ་དཀར་པོའི་ཟེའུ་འབྲུ་ལ། ། གསེར་སྦྲང་གཡུ་སྦྲང་སྟོང་གི་ལྡིང་བསྐོར་གྱིས། ། ཧབ་ཐོབ་འགྲན་རྩོད་འབར་བའི་ཟུར་ཁ་དེར། ། ཉམ་ཆུང་བུང་བ་ང་ཡང་འཁོར་བཞིན་ཡོད། ། དབྱིན་བོད་ཤེས་བྱ་རིག་པའི་གཤོག་པ་ཞིག ། ཅུང་ཟད་སྐྱེས་པར་གྱུར་ཀྱང་དཔལ་འབྱོར་གྱི། ། གཤོག་པ་ཡ་གཅིག་དེ་དང་བྲལ་གྱུར་ན། ། དེ་སླད་ཁྱེད་ཉིད་ཐོབ་པའི་རེ་བ་མེད། ། མ་གཞིས་བརྩེ་གདུང་ཞེས་པའི་སེམས་ཚོར་འདི། ། གང་ལ་འབུལ་ཡུལ་དེ་ཉིད་ཁོ་ནའི་ཆེད། ། རང་གི་ཡོད་ཚད་ཕུལ་འདོད་འདུ་ཤེས་དེར། ། དོན་དམ་བརྩེ་གདུང་དངོས་ཞེས་བརྗོད་པ་ལས། ། རང་ལ་དེ་ཉིད་འཐོབ་འདོད་རྐྱང་བ་ཡིས། ། ཕ་རོལ་དགོངས་པ་འཚོམ་པའི་བྱ་སྤྱོད་དེར། ། འདོད་ཆགསཙམ་ལས་བརྩེ་གདུང་དངོས་མིན་ཞེས། ། མཁས་དབང་ཀུན་གྱིས་བཤད་པ་དོན་ལ་གནས། ། ཁྱེད་ཉིད་བདག་ལ་ཐོབ་པའི་རེ་བ་ཞིག ། ད་ལྟ་བར་དུ་གུས་པས་མ་བཅངས་ཤིང༌། ། ཁྱེད་ཉིད་བདེ་སྐྱིད་ཡོང་བའི་རེ་བ་ཞིག ། འཇིག་རྟེན་ཕྱི་མའི་ཡུལ་དུའང་བརྒྱབ་ངེས་ཡིན། ། ཁོ་བོའི་སེམས་ལ་བརྐོས་པའི་རི་མོ་དེ། ། ཁྱེད་ལ་སྟོན་དགོས་ང་ཡི་འོས་འགན་ཡིན། ། འོན་ཏེ་ཁྱེད་ཉིད་དགོངས་པ་འཚོམ་སྙམ་ནས། ། ད་བར་ཁྱེད་ལ་དངོས་སུ་བརྗོད་མ་ནུས། ། འོན་ཀྱང་ང་ཡི་གདོང་དང་བྱ་སྤྱོད་ལ། ། བལྟས་ན་ཁྱེད་ཀྱི་གསལ་བར་མཁྱེན་ངེས་ཀྱང༌། ། སྣང་བ་མཐོན་པོའི་སྟོང་བསམ་མཁའ་དབྱིངས་ནས། ། ཉམ་ཆུང་བུང་བ་ང་ལ་གཟིགས་མ་གྱུར། ། ཉེ་སྔོན་གངས་དཀར་སེམས་ཀྱི་རང་མདངས་ཞེས། ། ཁོ་བོའི་སྙན་རྩོམ་དེབ་ཏུའང་འགས་ཤས་ཤིག ། བྲིས་ཀྱང་གང་ཁྱེད་བོད་ཀྱི་རྩོམ་རིག་ལ། ། དོ་སྣང་མེད་ཕྱིར་གཟིགས་པ་མེད་ལ་སྐད། ། ཁྱེད་ལ་དེ་སྐད་བརྗོད་པར་མ་ནུས་པས། ། གྲགས་པོ་ཀུན་གྱིས་ང་ལ་སྡར་མ་ཞེས། ། མཚང་འབྲུའི་ཚིག་གི་མདའ་མོ་འཕང་གྱུར་ཀྱང༌། ། བརྩེ་གདུང་ཕྲབ་ཀྱིས་འགོག་ཐབས་བྱེད་བཞིན་ཡོད། ། སྐྱོ་སྣང་བསྣོལ་མར་འཐབ་པའི་སྙན་ངག་ཅིག ། སླར་ཡང་ཤོག་དཀར་ངོས་སུ་ཕབ་ཡོད་ཀྱང༌། ། འབྲི་མཁན་ང་རང་ཀློག་མཁན་ང་རང་ལས། ། ཁྱེད་ལ་བཤད་ཐབས་མེད་པ་ང་ཡིས་ཤེས། ། ལས་དང་རྟེན་འབྱུང་ནམ་ཡང་མི་བསླུ་བས། ། ཉིན་ཞིག་ལས་དབང་ཕྲ་མོའི་གྲུ་ཁ་ནས། ། ང་ཡི་ཁོག་པ་བཤགས་ནས་བརྩེ་གདུང་འདི། ། གང་ཁྱེད་སྤྱན་གྱིས་གསལ་བར་གཟིགས་ན་བསམ། ། ༢༠༠༧ ༨ ༡༢ ཉིན་རང་ཤག་ཏུ། རང་མོས་བུང་བའི་གཤོག་སྒྲ། རྙིད་ཟིན་པའི་མེ་ཏོག བརྩེ་གདུང་གི་འཕྲལ་ལམ་རྒྱུད་ནས་ བདེ་སྐྱིད་ཀྱི་འོད་སྣང་འཚོལ་སྐབས་ བདག་ལ་ཐོབ་པ་ནི་སྡུག་བསྔལ་གྱི་ཁུར་པོ་འདིར་རེད་ལ་ ཤོར་ཚར་བ་ནི། མི་ཚེ་་་་་་་་་དམིགས་ཡུལ་་་་་་་་མདོར་ན་ཡོད་ཚད་ནས་ཡོད་ཚད་རེད། ད་དུང་ སླར་ཡང་ལམ་ཁ་དེར་བསྐྱོད་དགོས་པ་ནི་ སུ་ཞིག་གིས་བྱིན་པའི་རྡོག་ཁྲིས་རེད། བླ་མ་ལ་དྲིས་ན། འདི་ཁྱེད་ཀྱི་བག་ཆགས་ངན་པའི་རྣམ་སྨིན་རེད་ཟེར། ཕ་མ་ལ་དྲིས་ན། འདི་ཁྱེད་ཀྱིས་མ་འཇོན་པའི་རང་སྡུག་རེད་ཟེར། གྲོགས་པོ་ལ་དྲིས་ན། འདི་ཁྱེད་ཀྱི་བརྩེ་གདུང་གི་གཟི་བརྗིད་རེད་ཟེར། རྣམ་སྨིན་ཡིན་སྲིད་ལ། རང་སྡུག་ཀྱང་ཡིན་སྲིད། གཅིག་བྱས་ན་གཟི་བརྗིད་ཀྱང་ཡིན་སྲིདཧཧཧཧཧཧ་ གང་ཡིན་ཡང༌། ངས་འདོད་པ་ནི། བརྩེ་གདུང་གི་རྙོག་འཛིན་མེད་པའི་དྲོད་འཇམ་ལྡན་པའི་འཚོ་བ་དེ་རེད་ལ། འཚོ་བ་དེར་རོལ་དགོས་ན། ཡང་ན་ཁྱེད། ཡང་ན་ང ལྷན་དུ་ཡོང་མི་སྲིད། ཅིས་ནས་ཀྱང་་་་་་་་་་་་་་་་་་་་་་་་༌།།་ རབ་རིབ་ཀྱི་དྲན་སྣང༌། ཤབ་ཤོབ་ཀྱི་ཆིག་ལབ། དེ་རིང་གི་གནམ་གཤིས་ནི་ཅུང་གྲང་ཞིང་ཁོ་བོ་ཁང་ཐོག་ཏུ་བུད་དེ་ ནབ་ཁའི་ཉི་མ་ལ་རྒྱང་བལྟ་བྱེད་བཞིན་ཡོད། ནམ་མཁའི་ཉི་མ་ནི། ཞོགས་པར་ཤར་ཕྱོགས་ནས་ཤར་ཞིང་དགོང་མོར་ནུབ་ཕྱོགས་ནས་ནུབ་འགྲོ་ལ་སླར་ཡང་སང་ཉིང་ཤར་ཡོང་ངེས་རེད། ངས་འདི་ལྟར་བསམ་གཞིགས་ཤིག་བྱས་དུས། ཉི་མ་འདྲ་བའི་ངའི་སེམས་ཁོང་གི་འོད་སྟོང་འབར་བའི་ཉི་མ་ནི་རྒྱང་རིང་དུ་བཞུད་ཟིན་པ་སྟེ་ཕྱིར་ནམ་ཡང་ལོག་མི་སྲིད། ཟ་ན་འཐུང་ན། གོན་ན་བཏིང་ན། འགྲོ་ན་སྡོད་ན། ལང་ན་ཉལ་ན། མདོར་ན་རང་ཉིད་ཁེར་རྐྱང་དུ་ལུས་ཤིང༌། ཁེར་རྐྱང་གི་ཚོར་བ་སྐྱུར་མོ་སེམས་ཁོང་དུ་སྦས་ཤིང༌། སྐྱོ་གདུང་གི་འཆི་མ་སྙུག་རྩེ་ཡིས་ཕྱིས་ནས། བསམ་ཚད། བྲིས་ཚད། ཀློག་ཚད། ཚང་མ་ཁྱེད་ཀྱི་སྐོར་ཤ་སྟག་རེད། ༢༠༠༨ ༢ ༡༣ ཉིན། མེ་ཏོག་རྐང་གསུམ། སྐུའི་འཁྲུངས་སྐར་ ༧༣ པ་ལ་ཕུལ། ཁ་སང༌། ཁ་བ་དང་བུ་ཡུག་རྒོད་པའི་མཚན་མོ་དེར། མི་ཤ་ཟ་ཞིང་མི་ཁྲག་འཐུང་བའི་ཆེས་འཇིགས་རུང་བའི་དཔུང་ཚོགས་ཏེ མཆེ་བ་དང་སྡེར་མོ་མི་ལྤགས་ཀྱིས་བཀབ་པའི་ ཁྱི་སྤྱང་ས་ཡ་དང་བྱེ་བ་དུ་མས་ ཡ་ང་ཞིང་ཉམ་ཆུང་བའི་ལུ་གུ་འབུམ་ཕྲག་དང་འབུམ་ཕྲག་ ཧམ་ཟོས་བྱས་ཤིང་སྲོག་གི་རྒྱུ་བ་ཡང་བཅད། དེའི་ཚེ་གངས་དཀར་རི་བོ་དམར་པོའི་ཁྲག་གིས་སྦགས་ཤིང༌། གངས་རི་ལ་དབང་བའི་སེང་གེ་ཁྱེད་ཀྱང་ ཁྲག་གི་རྒྱ་མཚོ་འཁོལ་ཞིང་འོ་འདོད་ཀྱིས་ས་གཞི་བཀང་བའི། མུན་ནག་གི་ཞིང་ཁམས་ལ། ཕྱིར་མིག་ཡང་ཡང་བལྟས་ཤིང༌། བགྲོད་དཀའི་གངས་ལམ་དུམ་བུར་གཤགས་ནས། རྒྱུས་མེད་པའི་ས་མཐའ་རུ་འཁྱམས་དགོས་བྱུང༌། དེ་རིང༌། རྒྱུས་མེད་པའི་ས་མཐའི་གྲུ་ཁ་ཞིག་ནས། གསལ་ཐིང་ཐིང་གི་འོད་སྣང་ཐེངས་གཅིག་བཀྱེད་པས། སེམས་ཁམས་ན་བུན་གྱིས་འཐིབས་པའི་ སྐྱེ་རྒུ་ཡོད་ཚད་ནས་ཡོད་ཚད་ཀྱིས། གང་གི་མཚན་སྙན་སྒྲོགས་ཤིང་གང་ཉིད་ཀྱི་ཞབས་རྡུལ་ལ་ སྤྱི་བོས་འདུད་ཅིང་མཐར་ཐུག་གི་སྐྱབས་སུ་བསྟེན་ ངོ་མ། རང་ཡུལ་དང་བྲལ་བའི་ས་མཐའི་འཁྱམས་པོ་ཞིག་ས་མཐའ་ནས་ས་མཐའ་ལ། གཟི་བརྗིད་དང་གོས་བཀུར། མཚན་སྙན་དང་གྲགས་པ། བསྟོད་པ་དང་བསྔགས་བརྗོད་སོགས་མདོར་ན། ཕྱི་ནང་ཀུན་གྱིས་ རང་གི་ དཀོན་མཆོག་བཞིན་ གཙུག་ཏུ་བཀུར་བ་ནི། སེང་ཕྲུག་ང་ཚོས་ཆེས་སྤོབས་པ་བྱེད་འོས་པ་ཞིག་རེད་ཨང༌། སང་ཉིན། མེ་མདའི་ཁ་སྒོ་ནས་ལུས་པའི། མགོན་སྐྱབས་མེད་པའི་འོ་འདོད་གྱེར་ཤིང་ མནན་གནོན་མི་བཟོད་པའི་ཚོ་ངོ་ཤོར་ལ་ རེ་ལྒུག་གི་རྨུ་ཐག་ཆད་ལ་ཉེ་བའི་ གངས་འདབས་ན་ཡོད་པའི་ང་ཚོའི་སྤུན་མཆེད་དེ་ ཁྱེད་ཀྱི་གདུལ་བྱ། ཁྱེད་ཀྱི་འབངས། ཁྱེད་ཀྱི་བུ་ཕྲུག་ཚོ། འདི་ལྟར་བཞག་མི་ཕོད་ལ། ཁོང་ཚོའི་རེ་བ་ཆུད་ཟོས་སུ་ནམ་ཡང་གཏོང་མི་རུང༌། མདོར་ན། སེང་གེ་ཁྱེད། ཡུན་རིང་པོར་བཞུགས་དགོས་ལ། ཁྱེད་ལ་སྒུག་བཞིན་པའི་བུ་ཕྲུག་ཚོ་དང་ངེས་པར་དུ་ མཇལ་འཛོམས་གནང་དགོས། ཡ་ སེང་གེ་ཁྱེད། སྐུ་ཚེ་བརྟན་རོགས་གྱིས། ༢༠༠༧ ༧ ༧ ཉིན་བེ་རི་འཇིགས་མེད་ཀྱི་སྙན་ངག་རྐང་གསུམ་ཞེས་པ་དེ་ལ་དཔེ་བལྟས་ནས་བྲིས། གོམ་སྒྲ། ཉི་འོད་དང་ཟླ་འོད་མེད་པའི་མཚན་ལྗོངས་དེར། ། གསལ་ལ་མ་གསལ་གྱི་ལཱ་སྒྲོན་ཐོགས་ཤིང་་་་་་་་་ བགྲོད་དཀའ་བའི་གངས་ལམ་དུམ་བུར་བཤགས་ཏེ་་་་་་་་ མིག་བཙུམ་སྟེ་མདུན་དུ་འོངས། ། ཤུལ་དུ་བཞག་པའི་རྐང་རྗེས་མེད་ཅིང༌། ། སྔོན་དུ་བསུ་བའི་མདུན་ལམ་མེད་པར་་་་་་་་ འཁྱར་འཁྱོར་གྱི་གོམ་འགྲོས་འགའ་ཡིས་་་་་་་་ རྒྱས་མེད་ཀྱི་ས་མཐར་ལྷུང༌། སྐྱབས་བཅོལ་སའི་མགོན་མེད་ཅིང་་་་་་་་་ བློ་འདྲི་སའི་ཕ་མ་མེད་ལ་་་་་་་ ཤ་ཉེ་བའི་སྤུན་མཆེད་མེད་ཅིང་་་་་་་ སྙིང་ཉེ་བའི་གྲོགས་པོ་མེད་པར་་་་་་་་་་ སྤུང་པོའི་བརྟུལ་ཞུགས་བཟུང་སྟེ་་་་་་་ དེ་ལྟར་འཁྱམས་ཤིང༌། འདི་ལྟར་འཁྱམ་བཞིན་་་་་་་་་་་ ད་དུང་ཡང་་་་་་་་་་ ད་དུང་ཡང་་་་་་་ ༢༠༠༨ ༡ ༢༨ ཉིན་རྡ་ས་རྣམ་རྒྱལ་གྲྭ་ཚང་གི་གཤམ་དུ་བྲིས། བེ་རི་དཔལ་ལྡན་རྣམ་རྒྱལ། སྙུག་མིང་ལ་བེ་རི་སྨྱོན་ཕྲུག ཁམས་ཏྲེ་ཧོར་དུ་སྐྱེས། ༡༩༩༤ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་བློ་གསལ་གླིང་དུ་ཆོས་ཞུགས་བྱས། ༡༩༩༦ ནས་བློ་གསལ་གླིང་སློབ་གྲྭར་ཞུགས་ཏེ་དབྱིན་བོད་ཧིན་གསུམ་ལ་སྦྱངས་ནས་ལོ་ལྟར་རྩེ་ཕུད་དང་པོ་ཁོ་ནའི་རྒྱུགས་འབྲས་བླངས། མཁས་དབང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགསཧཀྱི་དྲུང་ནས་སུམ་རྟགས་དག་གསུམ་དང༌། རྩོམ་རིག རྒྱལ་རབས་ལོ་རྒྱུས་སོགས་ལ་སྦྱངས། སློབ་གྲྭའི་ནང་རྩོམ་རྀག་འགྲན་བསྡུར་གྱི་ཁྲོད་བྱ་དགའ་ཡང་བླངས། ༢༠༠༢ ལོར་ཆོས་གྲྭར་ཞུགས་ནས་ཕར་ཚད་ཀྱི་གཞུང་ལ་སྦྱངས་འབྲས་སུ་ལོ་ལྟར་རྩེ་ཕུད་དང་པོ་ཁོ་ནའི་རྒྱུགས་འབྲས་བླངས། ༢༠༠༤ ལོར་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བྱས། ༢༠༠༥ ལོར་སློབ་མཐར་ཕྱིན་ནས་གངས་སུལ་གྱི་རོལ་དབྱངས་ཞེས་པའི་སློབ་གྲྭའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ༢༠༠༦ ལོར་ཆུང་དུས་སུ་བྲིས་པའི་སྙན་རྩོམ་ཕྱོགས་བསྒྲིགས་གངས་དཀར་སེམས་ཀྱི་རང་མདངས་ཞེས་པ་ཞིག་བཏོན། ༢༠༠༨ ལོར་བློ་གསལ་གླིང་ཤེས་ཡོན་ལྷན་ཚོགས་ཀྱི་དྲུང་ཡིག་བྱས། ལོ་དེར་མཐོ་སྒང་གི་ཉི་ཟེར་སྤྱི་ཚོགས་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ༢༠༠༩ ལོར་རིགས་ལམ་གྱི་གཟི་འོད་ཅེས་པའི་གཞུང་ཆེན་དོགས་དཔྱོད་ཀྱི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། ད་དུང་དུས་དེབ་གཞན་དང་ཚགས་ཤོག་དུ་མའི་ནང་དཔྱད་གཏམ་དང༌། སྙན་ངག བསྒྱུར་རྩོམ། ལྷུག་རྩོམ་སོགས་མང་དུ་སྤེལ། ད་ལྟར་བློ་གསལ་གླིང་དུ་ཕར་ཕྱིན་ཀྱི་གཞུང་ལ་སྦྱོང་བཞིན་ཐར་ཐོར་གྱི་རྩོམ་ཡིག་འདྲ་མིན་འབྲི་བཞིན་མཆིས།