Friday, November 5, 2010

མཁས་དབང་ཟླ་བ་ནོར་བུ་དང་བོད་ཀྱི་གྱོང་གུད།




མཁས་དབང་ཟླ་བ་ནོར་བུ་དང་བོད་ཀྱི་གྱོང་གུད།

བཙན་བྱོལ་ནང་གི་ནོར་བུ་གསུམ་ཞེས་པ་ནི་ལོ་རྒྱུས་དང་རྒྱབ་ལྗོངས་ཤེས་མིན་ལ་མ་ལྟོས་པར་ཀུན་གྱིས་གོ་མྱོང་བ་ཞིག་ཡིན་ལ། དེའི་ནང་གི་ཟླ་བ་ནོར་བུ་ནི་ངེས་དོན་གྱི་མཁས་པའི་དབང་པོ་ཞིག་དང་ཕུགས་རྒྱང་རིང་པོའི་བསམ་བློ་ལྡན་པའི་དྲན་དབང་ཁྱད་པར་བ་ཞིག་ཀྱང་རེད།
ཁོང་ནི་༡༩༤༩ལོའི་ཟླ་བ་བདུན་པའི་ཚེས་༡ཉིན་ལ་བོད་དུ་འཁྲུངས་ཤིང་ང་དགུའི་ལོར་བོད་མི་སྤྱི་ཡོངས་དང་འདྲ་བར་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས། ཀ་ལིང་པོང་དུ་སློབ་འབྲིང་མཐར་ཕྱིན་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་པོའི་ནང་དབྱིན་ཇིའི་རྩོམ་ཡིག་རིག་པའི་སློབ་སྦྱོང་གནང་སྟེ་གཙུག་ལག་རབ་འབྱམས་པ་ཐོན་འདུག མཐོ་སློབ་ནས་ཐོན་མ་ཐག་སྤྱི་ཚོགས་ཀྱི་ཞབས་ཞུ་དང་པོ་དེ་ནི་བོད་དོན་བསྐྱར་ཞིབ་Tibetan Review ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་དེ་རེད། དུས་དེབ་དེའི་རྩོམ་སྒྲིག་པའི་བྱ་བར་མ་ཞུགས་པའི་སྔོན་དུ། ཁོང་གིས་དུས་དེབ་དེའི་རྩོམ་སྒྲིག་པ་ལ་རྩོམ་སྒྲིག་གི་རང་དབང་ཚད་ལྡན་ཞིག་དགོས་སྐོར་དང་གལ་ཏེ་དེ་ལྟར་མེད་ཚེ་རྩོམ་སྒྲིག་པའི་ལས་དུ་ཞུགས་རྒྱུ་མིན་པའི་སྐོར་ཡང་གསུང་འདུག
གནད་དོན་འདིའི་ཐོག་ནས་ང་ཚོས་ཤེས་དགོས་པ་ཞིག་ནི། ང་ཚོས་རྒྱལ་སྤྱིའི་ནང་དུ་བོད་དུ་སྨྲ་བརྗོད་རང་དབང་དང་རྩོམ་སྒྲིག་གི་རང་དབང་མེད་ལུགས་ཀྱི་ཁྱབ་བསྒྲགས་ཇི་ཙམ་བྱས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་ནང་དུ་སྨྲ་བརྗོད་དང་གསར་འགོད་རང་དབང་ག་ཚོད་ཅིག་ཡོད་མེད་ལ་བསམ་གཞིགས་གཏན་ནས་མེད་པར་དུས་དེབ་དང་ཚགས་ཤོག་ཁག་ལ་རྩོམ་སྒྲིག་རང་དབང་ཚད་ལྡན་ཞིག་མེད་པ་ནི་རང་སྐྱོན་བཀབ་ནས་གཞན་སྐྱོན་འཚོལ་བ་ཞིག་མིན་མི་སྲིད་པ་ཞིག་རེད། དེར་བརྟེན་སློབ་དཔོན་དམ་པ་ཁོང་གིས་ཀྱང་རང་ཉིད་རྩོམ་སྒྲིག་པ་ཞིག་གནང་དགོས་ན་རང་ཉིད་ལ་རྩོམ་སྒྲིག་གི་རང་དབང་ཆ་ཚང་དགོས་ཞེས་གསུང་པ་ཡང་བོད་ལ་བཞག་པའི་བཀའ་སློབ་ལྗིད་པོ་ཞིག་ཡིན་ཆོག

དེ་སྐབས་ཁོང་གིས་བོད་པའི་སྤྱི་ཚོགས་ནང་གི་ནོར་འཁྲུལ་ཐེར་འདོན་དང་སྐྱོན་ཡོན་ཡོ་བསྲང་སོགས་ལན་མང་དུ་གནང་སྐབས་བསམ་བློའི་སྨིན་ཚད་མ་རྫོགས་པའི་བོད་པ་དག་གིས་ཁོང་ལ་རྒྱ་མིའི་གསང་ཉུལ་དང་ཡི་ཤུའི་ལྟ་བ་ཅན་སོགས་ཀྱི་བསྙོན་འཛུགས་འདྲ་མིན་གྱི་རྐྱེན་པས་ཁོང་བོད་པའི་སྤྱི་ཚོགས་དང་རྒྱང་རིང་དུ་མ་གྱེས་ཀ་མེད་དུ་གྱུར་འདུག
བོད་པའི་སྤྱི་ཚོགས་སུ་བསམ་བློ་སྔོན་ཐོན་ཞིག་སླེབས་ཚེ་བོད་པ་རྣམས་ཀྱིས་ཁྱི་སྤྱང་ལག་སྦྲེལ་གྱིས་བོད་པའི་སྤྱི་ཚོགས་ནས་རྒྱང་འབུད་དུ་གཏོང་བའི་ལུགས་སྲོལ་ཞིག་སྔོན་ནས་བྱུང་འདུག་པ་བཞིན་སློབ་དཔོན་ཁོང་ལའང་དེ་ལྟར་བྱུང་འདུག་པ་ནི་ད་ལྟ་ང་ཚོ་གཞོན་སྐྱེས་ཚོའི་འགྱོད་པའི་ཡུལ་ལས་མ་འདས། སློབ་དཔོན་ཁོང་ལྟ་བུ་ནི་བོད་ཀྱི་ལར་ཞེན་བཟུང་ནས་བོད་པའི་སྤྱི་ཚོགས་སུ་ཞབས་འདེགས་གནང་བ་ལས་ཕྱི་རུ་ཕེབས་ས་མེད་ནས་ལུས་སོང་བ་ཞིག་གཏན་ནས་མིན་ཏེ། The Institute of Asian and Pacific Studies in San Francisco California ཨ་རི་ཁེ་ལི་ཕྷོ་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པའི་ལས་རོགས་ཡིན་པ་དང་། ལྡི་ལི་ནེ་རུ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་ཀྱང་ཡིན་པ་རེད། འཛམ་གླིང་ནང་སྙན་གྲགས་ཡོད་པའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཞིག་བོད་པའི་སྤྱི་ཚོགས་སུ་ཉར་ཚགས་མ་ཐུབ་པར་རྒྱང་དུ་བསྐྲད་པ་ནི་ཕྱོགས་གང་ནས་བལྟས་ཀྱང་ཕངས་སེམས་ཤིག་ལས་མ་འདས།    དེར་བརྟེན། ཁོང་གིས་རྩོམ་དེབ་དང་པོ། Red Star Over Tibet བོད་ཐོག་གི་སྐར་མ་དམར་པོ། ཞེས་པའི་ནང་དུ།  The innocent and wild Tibetans in India, Nepal and Bhutan were literally after my blood. ཞེས་ཀྱང་གསུང་ཡོད་པ་རེད།
མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་་་། ཞེས་པ་ལྟར་ཁོང་གིས་བོད་ཀྱི་ཤུལ་དུ་བཞག་པའི་དཔེ་དེབ་གལ་ཆེན་ཁ་ཤས་ཤིག་བརྩམས་གནང་མཛད་ཡོད་པ་ནི། Red Star Over Tibet,   Tibet The Road Ahead, China’s Tibet Policy, Culture and Politiccs of Third World Nationalism, Roots of Neonationalism བཅས་རེད། དཔེ་དེབ་དེ་དག་ལས་ཁོང་གི་བསམ་བློ་དང་། བོད་དོན་ལ་གཞིགས་པའི་ཁ་ཕྱོགས་རྣམས་ང་ཚོས་མཐོང་ཐུབ།
འགྲན་ཟླ་མེད་པའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་བོད་པའི་སྤྱི་ཚོགས་སུ་བདག་པོ་མ་སྤྲད་པར་དེ་ལྟར་ཕྱི་ཡི་སྤྱི་ཚོགས་ཤིག་གི་ནང་དུ་གཡུག་བཞག་ནས་༢༠༠༦ལོར་འཇིག་རྟེན་འདི་དང་གྱེས་མཇལ་གནང་རྗེས་གྱོང་གུད་ཐེབས་ས་ནི་བོད་པའི་སྤྱི་ཚོགས་ཉག་གཅིག་ལས་གཞན་གང་ཡང་མིན། དེ་ནི་སློབ་དཔོན་ཁོང་གི་གྱོང་གུད་ཅིག་མིན་པར་བོད་ཀྱི་གྱོང་གུད་ཅིག་ཡིན་ངེས་ལ། བོད་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་གྱོང་གུད་ཅིག་ཀྱང་ཡིན།
གྱོང་གུད་འདི་ལྟ་བུ་ནི་བོད་ལ་ཐེངས་གཅིག་གཉིས་མིན་པར་ལན་མང་དུ་ཕྲད་ཟིན་ཀྱང་ད་དུང་ཡང་གྱོང་གུད་འདིའི་ལམ་བུར་མུ་མཐུད་འགྲོ་བཞིན་པ་ནི་ང་ཚོ་བོད་པའི་ཀླད་པའི་ནང་ནད་འབུ་གང་ཞིག་གིས་ཟིན་ཡོད་ཚོད་འདུག

No comments:

Post a Comment