རྩོམ་རིགས།

༄༅།  །    མང་གཙོ་གོང་སྤེལ་དང་མདུན་བསྐྱོད་ཀྱི་བསམ་བློ་ནི་བོད་ཀྱི་མདུན་ལམ་དང་
                              ཆིག་བསྒྲིལ་གྱི་སྟོབས་ཤུགས་ཡིན།

                                           བེ་རི་དཔལ་ལྡན་རྣམ་རྒྱལ།

                   གང་ཁྱོད་འཛུམ་པའི་ཟླ་བའི་འོད་རླབས་ཀྱིས།།
                   སྐྱེ་རྒུའི་སྙིང་ལ་དགའ་བ་སྟེར་མཛད་པའི།།
                   ཏཱ་ལི་བླ་མ་ཞེས་བྱའི་བོད་ཀྱི་བུ།།
                   ཀུན་གྱི་དོན་དུ་བསྐལ་བརྒྱར་བཞུགས་སུ་གསོལ།།

        ༡ མང་གཙོ་དང་བོད་ཀྱི་འབྲེལ་ཐག

འཛམ་གླིང་འདིའི་ཐོག་ཆབ་སྲིད་ཀྱི་ལམ་ལུགས་དུ་མ་ཞིག་ཡོད་ཅིང་།   ལམ་ལུགས་རེ་རེའི་ཐོག་མའི་བྱུང་རིམ་དང་བར་གྱི་བརྒྱུད་རིམ་ཐ་མའི་ཉམས་རྒུད་བཅས་ཀྱི་བྱུང་རབས་ཤིག་ཀྱང་ངེས་པར་དུ་ཡོད་ལ། ལམ་ལུགས་རེ་རེས་སྤྱི་ཚོགས་སུ་ཕན་པའི་ཞབས་རྗེས་ངེས་ཅན་དུ་བཞག་ཡོད་ལ།   སྤྱི་ཚོགས་ནང་གནོད་པའི་ལས་གཞི་དུ་མ་ཞིག་གི་མགོ་འདྲེན་ཡང་བྱས་ཡོད།
དེས་ན།  ཆབ་སྲིད་མཁས་དབང་ཞིག་གིས།       འཛམ་གླིང་ནང་གི་ཆབ་སྲིད་ལམ་ལུགས་རྣམས་ཀྱི་ནང་ནས་སྡུག་ཤོས་དེ་མང་གཙོའི་ལམ་ལུགས་འདི་ཡིན།   ཡིན་ཡང་།ད་ལྟའི་བར་འདི་ལས་ལྷག་པ་མེད་སྟབས་མང་གཙོའི་ལམ་ལུགས་འདི་ཡག་ཤོས་སུ་གྱུར་བ་རེད།  ཅེས་བརྗོད་པ་ནི་དངོས་ཡོད་ལ་གཞིགས་པའི་གཏམ་ཞིག་རེད།  མང་གཙོའི་ལམ་ལུགས་འདི་ཐོག་མར་འཇིག་རྟེན་འདིར་དར་ཚུལ་ཇི་ལྟར་ཡིན་མིན་ལ་འདོད་ཚུལ་འགའ་ཡོད་པ་ལས། དེང་རབས་པ་རྣམས་ཀྱིས་ནུབ་ཕྱོགས་ནས་དར་བར་བཤད་ཀྱང་། དོན་དངོས་ཐོག་མང་གཙོའི་མིང་ཚིག་འདི་ཡི་བཀོལ་སྤྱོད་བྱེད་མིན་ལས་མང་གཙོ་དང་གོ་དོན་མཐུན་པའི་ཆབ་སྲིད་རིག་པའི་ལམ་ལུགས་ཤིག་ཆེས་སྔ་མོ་ནས་དར་ཡོད་ཅིང་། དེ་ཡང་སངས་རྒྱས་བཞི་པའི་དུས་སུ་རྒྱ་གར་གྱི་ཡུལ་ལུང་བྱེ་བྲག་པ་འགའ་ཤས་ལ་དབང་བའི་༼མང་པོས་བཀུར་བའི་རྒྱལ་པོ་༽ཞེས་པ་ཞིག་བྱུང་ཡོད་ལ་དེ་ནི་ཚིག་གི་ངོ་གདོང་ལ་བལྟས་པས་ཀྱང་རྒྱལ་པོ་ཞེས་བཏགས་པ་ཙམ་ལས་དོན་དངོས་ཐོག་མི་མང་གིས་འདོད་མོས་ཀྱིས་བདམས་ནས་རྒྱལ་པོར་བཀུར་བར་གོ་བས་མང་པོས་བཀུར་བའི་ལམ་ལུགས་འདི་ནི་འཛམ་གླིང་འདིའི་ཐོག་གི་མང་གཙོའི་ལམ་ལུགས་དང་ཤོས་དེ་ཡིན་ཞེས་བརྗོད་ཀྱང་མི་འགྲིགས་པ་མེད།    
དེ་ལྟར་བྱེད་ན་བོད་ཀྱི་ཡུལ་དུའང་ཀོང་ཡུལ་ནས་སླེབས་པའི་ཨུ་བྷེ་ར་ཞེས་བྱ་བ་ཡུལ་དབུས་ཀྱི་བོན་རྣམས་ཀྱིས་བོད་ཀྱི་རྒྱལ་པོར་འོས་པར་དགོངས་ནས་མང་ཚོགས་ཀྱིས་འདོད་མོས་ཀྱིས་རྒྱལ་པོར་བཀུར་ནས་གཉའ་ཁྲི་བཙན་པོ་ཞེས་བྱ་བྱུང་བ་འདིས་ཀྱང་བོད་དུ་ཆེས་སྔ་མོ་ནས་མང་གཙོའི་ལམ་ལུགས་དར་ཟིན་པ་དཔང་པོ་བྱེད་ཐུབ། 
སྤྱིར་མང་གཙོ་ཞེས་པའི་ཚིག་གི་གོ་དོན་འགྲེལ་ཚུལ་གྱི་ཐོག་ནས་མང་གཙོ་འཇོག་སྟངས་ལ་ཁྱད་པར་འགྲོ་ཞིང་།ད་ལྟ་ང་ཚོས་རྒྱུན་དུ་སྤྱོད་བཞིན་པའི་མང་གཙོ་ལ་དབྱིན་སྐད་དུ། ༼Democrazy༽ཞེས་བརྗོད་ཅིང་གོ་དོན་ཡང་། ༼Belief in freedom and equality between people or a system of government based on this belief, in which the power is either held by elected representatives or directly by the people  themselvies.༽ ཞེས་མི་མང་ཕན་ཚུན་རང་དབང་དང་འདྲ་མཉམ་ལ་ཡོད་ཆེས་ཡོད་པ་དང་།ཡང་ན་ཡིད་ཆེས་དེར་གཞིར་བཞག་པའི་གཞུང་གང་ཞིག་གི་སྲིད་ལུགས་དེ་མི་མང་གི་འཐུས་མིས་འདེམས་པའམ་མི་མང་གི་ཐད་ཀར་འདེམས་པ་ཞིག་ལ་ཟེར་ཞིང་། མིང་ཚིག་འདི་བཞིན་བོད་ཡིག་ཏུ་བསྒྲུར་སྐབས་མང་གཙོ་དང་དམངས་གཙོ་ཅི་རིགས་སུ་བསྒྱུར་ཡོད་ཅིང་། དེ་གཉིས་གང་འཐད་ཀྱི་སྐོར་དཔྱད་ན་སྐབས་དོན་བོར་བར་མཐོང་བས་རེ་ཞིག་དོར་ལ། དེང་གི་གཞུང་གི་ཡིག་ཆ་ཀུན་གྱི་ནང་དུ་མང་གཙོ་ཞེས་བཞག་པ་བཞིན་ཀུན་གྱིས་དེ་བཞིན་འབྲི་ན་ལེགས་པར་མཐོང་། གང་ལྟར་བོད་ཡིག་ནང་གི་མང་གཙོ་ཞེས་པ་དེར་ཡང་དབྱིན་སྐད་ནང་གི་༼Democarazy ༽དང་གོ་དོན་ཕྱོགས་ཡོངས་ནས་མཐུན་པ་ཡིན། དེ་ལྟར་ན་ཡང་། འོས་ཤོག་གི་ལམ་ནས་གཞུང་གི་སྲིད་གཞུང་འདེམས་ཚད་ལ་དབྱིན་སྐད་ནང་གི་༼Democrazy༽ཞེས་པ་དེ་བརྗོད་ཐུབ་མིན་བཤད་དཀའ་བ་ཞིག་རེད། དཔེར་ན་དབྱིན་ཇི་ལྟ་བུ་ནི་༼Monarchy༽འམ་རྒྱལ་སྲིད་ཅན་གྱི་སྲིད་གཞུང་ཞིག་ཡིན་པ་ལས། ༼༽ཞེས་བརྗོད་པའི་མང་གཙོ་ཡིན་མིན་བཤད་དཀའ་བ་ཞིག་རེད།  གང་ལྟར་མང་གཙོ་ཞེས་པ་དེ་ནི། ༼by the people, of the  people,for the people ༽ཞེས་མི་མང་གིས་འདེམས་ཤིང་། མི་མང་ལ་དབང་བ། མི་མང་གི་ཆེད་དུ་དམིགས་པ་ཞིག་ལ་མང་གཙོའི་སྡོམ་ཚིག་རྒྒྱག་པ་ནི་ཚིག་ཉུང་ཞིང་དོན་འདུ་བའི་སྡོམ་ཚིག་རླབས་ཆེན་ཞིག་ཡིན།
བོད་དུ་མཛད་མངའ་བཅུའི་རྗེས་སུ་མང་གཙོའི་ལམ་ལུགས་ཤིག་དར་འདུག་ཀྱང་། བར་སྐབས་དེར་ཡོངས་སུ་ཉམས་ནས་བླ་མའི་དུས་སྐབས་སུ་ཆོས་ལུགས་ཁག་གི་བླ་མ་ཚོས་རིམ་བཞིན་དབང་བསྒྱུར་བྱས་ཏེ་སྐབས་རེརེ་ནང་འཁྲུག་དང་སྐབས་རེརེ་འདུམ་སྒྲིག་གིས་ང་དགུ་ལོའི་བར་དུ་བསྐྱལ་ཡོད་ཅིང་། གོང་ས་བཅུ་བཞི་པ་ཆེན་པོ་བོད་དུ་བཞུགས་སྐབས་ནས་བོད་འདི་མང་གཙོའི་ལམ་ལུགས་སུ་བསྒྱུར་རྒྱུའི་དགོངས་བཞེད་ཡོད་ཀྱང་ལེགས་བཅོས་ལས་ཁུངས་སོགས་བཙུགས་ནས་འགྱུར་བུ་ཕྲན་བུ་ཞིག་བཏང་བ་ཙམ་ལས་མང་གཙོའི་ལམ་ལུགས་སུུ་བསྒྱུར་གནང་ཐུབ་མེད། བཙན་བྱོལ་དུ་ཕེབས་ནས་ལོ་གཅིག་ལས་མ་སོང་བའི་མཚམས་ནས་༧གོང་ས་མཆོག་གིས་བོད་ཀྱི་སྲིད་གཞུང་འདི་མང་གཙོའི་ལམ་དུ་བསྒྱུར་གནང་མཛད་པ་ནི་ད་ལྟའི་དུས་སུ་ཕྱི་བལྟས་ཤིག་བྱེད་ན་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་གི་མདུན་མཆོང་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཆོག   ༧གོང་ས་མཆོག་གིས་མང་གཙོའི་ལམ་ལུགས་སུ་བསྒྱུར་བའི་སྐབས་མི་མིང་གིས་འདོད་མོས་ཀྱིས་རྒྱབ་སྐྱོར་ཞུས་མེད་པ་འདི་ཡང་ཤེས་དགོས་ཤིང་། དེའི་སྐབས་ཀྱི་ཆབ་སྲིད་ཀྱི་སྣེ་མོ་བ་ཚོས་མང་གཙོའི་ལམ་ལུགས་སུ་བསྒྱུར་རྒྱུར་བཀག་འགོག་བྱས་ཡོད་པ་ནི་གཅིག་བྱས་ན་དེ་སྐབས་མི་མང་གི་བསམ་བློའི་སྨིན་ཚད་མ་རྫོགས་པའི་དབང་གིས་ཡིན་སྲིད་ལ། གཅིག་བྱས་ན་རང་ཉིད་ཁེ་དབང་གི་ཆེད་དུ་ཡིན་མི་སྲིད་པ་ཞིག་མ་རེད། གང་ལྟར་༡༩༦༡ལོར་༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་ཀྱིས་མང་གཙོའི་ལམ་དུ་བསྒྱུར་ནས་ད་བར་མི་ལོ་ལྔ་བཅུ་ལྷག་འགྲོ་བཞིན་པ་དང་། བོད་བཙན་བྱོལ་གཞུང་འདི་མང་གཙོའི་ལམ་དུ་བསྒྱུར་བ་དེས་རྐྱེན་བྱས་ནས་ཉེ་འཁོར་གྱི་རྒྱལ་ཁབ་ཚོའི་ནང་དུའང་མང་གཙོའི་གོ་རྟོགས་མཐོ་རུ་སོང་བ་ནི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ལོ་ྒྱུས་ལ་བལྟས་ན་ཤེས་ཐུབ།  ཡང་ཕྱོགས་གཞན་ཞིག་ནས་བསམ་ན་བོད་ཀྱི་མང་གཙོ་འདིའི་བརྒྱུད་རིམ་ནི་གཞན་དང་མི་འདྲ་བ་བྱུང་ཡོད་དེ། རྒྱལ་ཁབ་ཚང་མའི་ནང་གི་སྲིད་གཞུང་མང་གཙོའི་ལམ་དུ་བསྒྱུར་སྐབས་མི་མང་གིས་འདོད་མོས་དང་གྱེན་ལངས་ཅི་རིགས་ལ་བརྟེན་ནས་མང་གཙོར་བསྒྱུར་བ་ཤས་ཆེ་ཞིང་། བོད་ཀྱི་མང་གཙོ་ནི་དེ་ལས་ལྡོག་སྟེ་མི་མང་གིས་འདོད་མོས་དེ་ཙམ་མེད་པར་གཞུང་གི་དབུ་ཁྲིད་ཀྱིས་མར་ཨུ་ཚུགས་ཀྱིས་བསྩལ་བ་ཞིག་ཡིན་ཞིང་། ༧གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་ཞེས་བརྗོད་པ་འདི་ན་གཞིག་ནས་ནུབ་ཕྱོགས་མང་གཙོ་ཞིབ་འཇུག་པ་ཚོས་བོད་ཀྱི་མང་གཙོ་འདི་མི་མང་གི་འདོད་མོས་མེད་པར་དབུ་ཁྲིད་ཀྱིས་མང་གཙོར་བསྒྱུར་བ་ཡིན་པས་མང་གཙོ་ཚད་ལྡན་ཞིག་ཡོང་དཀའ་བ་ཡིན་ཞེས་བརྗོད་ཡོད་ལ། ཡང་མི་མང་རྣམས་གཞུང་གི་དབུ་ཁྲིད་ལ་སེམས་རྩེ་གཅིག་གིས་དད་མོས་ཡོད་སྟབས་བོད་ཀྱི་མང་གཙོ་འདི་མང་གཙོ་ཡག་ཤོས་ཤིག་ཀྱང་ཡིན་སྲིད་པ་ཞིག་རེད།  ཅེས་བརྗོད་ཡོད་པ་འདི་ཡང་བསླབ་བྱ་དང་ལེགས་བཤད་ཀྱི་གཏམ་ལྗིད་ཁོག་ཅན་ཞིག་ཡིན། 


མང་གཙོ་གོང་སྤེལ་ཇི་ལྟར་གཏོང་དགོས།
ལམ་ལུགས་གང་ཞིག་སྤྱི་ཚོགས་ཀྱི་ཁྲོད་ཁྱབ་སྤེལ་གཏོང་དགོས་ཚེ། སྤྱི་ཚོགས་དེའི་མི་མང་གི་ཤེས་ཚད་ལ་འབྲེལ་བ་གཏིང་ཟབ་ཏུ་ཡོད་ཅིང་། རྒྱ་ནག་དམར་པོའི་སྲིད་ཇུས་བཞིན་མང་གཙོ་གོང་སྤེལ་གཏོང་ཐབས་སུ་མི་མང་ལ་སློབ་གསོ་འདྲ་མིན་བརྒྱབ་ནས་༼༽ཀླད་པ་བཀྲུ་བའི་ལམ་ལུགས་འདི་ནི་དེང་རབས་ཀྱི་ཤེས་ཡོན་རིག་པའི་ལམ་ལུགས་དང་མི་མཐུན། དེས་ན། བོད་ཀྱི་སྤྱི་ཚོགས་སུ་མང་གཙོ་ཡང་དག་པ་ཞིག་གོང་སྤེལ་གཏོང་ཚེ་མི་མང་ལ་ལེགས་ཉེས་རྣམ་དཔྱོད་ཅན་གྱི་ཤེས་ཡོན་སྲིད་ཇུས་ཤིག་སྤྲོད་དགོས་ཤིང་། དེའི་ཐོག་ནས་མང་གཙོའི་ལམ་ལུགས་ཀྱི་རྣམ་གཞག་ཁག་ཀྱང་ངོ་སྤྲོད་གནང་དགོས་པ་ཡིན། དེ་ལས་གལ་ཆེ་བ་ཞིག་ནི་གཞི་རིམ་གྱི་སློབ་གྲྭའི་སློབ་དེབ་ཁག་གི་ནང་དུ་མང་གཙོའི་འཕེལ་རིམ་དང་ཕན་ནུས་རགས་རིམ་ཙམ་ཞིག་ངེས་པར་དུ་བཞག་དགོས་པར་མཐོང་། དེ་ལྟར་བྱེུད་ན་བོད་ཀྱི་སྤྱི་ཚོགས་སུ་མང་གཙོ་ཡང་དག་པ་ཞིག་ཁྱབ་སྤེལ་ཡོང་ངེས་པ་ལས། མང་གཙོའི་གོང་སྤེལ་གྱི་ཆེད་དུ་དེབ་ཆེ་ཆུང་འདྲ་མིན་ཞིག་འགྲེམས་སྤེལ་གནང་བས་མང་གཙོ་གོང་སྤེལ་གོང་སྤེལ་ཡོང་བར་དེ་ཙམ་མི་ཕན་ལ། འོས་ཤོག་བླུག་ཤེས་པ་ཙམ་གྱིས་མང་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་གཏན་ནས་མིན།


མདུན་བསྐྱོད་ཀྱི་སྙིང་སྟོབས།
དེང་རབས་ཀྱི་ནང་དུ་ཨ་གསར་གྱིས་དེད་པ་ཡིན་མིན་གང་ལྟར་དེང་རབས་པ་ཚང་མས་རྙིང་ཞེན་དོར་ནས་ལམ་གསར་པར་མདུན་བསྐྱོད་བྱེད་པའི་ཧེབ་ཅིག་ནི་འཛམ་གླིང་གང་སར་ལང་བཞིན་པ་དང་། བོད་པའི་སྤྱི་ཚོགས་སུའང་ལམ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུའི་ཆེད་དུ་ནུབ་ཕྱོགས་པ་དག་ལ་ལད་ཟློས་ཀྱིས་ཁ་ལ་བཟའ་རྒྱུ་དང་ལུས་ལ་གྱོན་རྒྱུ་ཚུན་ཆད་བརྗེ་བཞིན་པ་ནི་ཨ་གསར་ཞིག་ལས་མདུན་བསྐྱོད་ཀྱི་བསམ་བློ་ཞིག་གཏན་ནས་མིན། ཡང་ཁ་ཤས་ཀྱིས་གསར་བརྗེ་བ་ཞིག་ཡིན་སྣང་གིས་ཆོས་ལ་སྐྱོན་བརྗོད་བྱས་ཁུལ་བྱས་པ་ནི་རང་མཚང་བསྟན་པ་ལས་མདུན་བསྐྱོད་ཅིག་ནམ་ཡང་མིན་པ་མ་ཚད་ཆེས་རྗེས་ལུས་ནང་གི་རྗེས་ལུས་ཤིག་རེད།
རྒན་རབས་པ་ཁ་ཤས་ནི་རྙིང་པ་ལ་ཨ་འཐས་ཀྱིས་འཇུས་ནས་དེང་རབས་ཀྱི་ཕྱོགས་སུ་ནམ་ཡང་མི་ཕེབས་པ་ནི་ཆེས་གཟི་བརྗིད་ཅིག་ཡིན་ཡང་། དེང་རབས་ཀྱི་ནང་དུ་སྤྱི་ཚོགས་ཤིག་གི་ཡར་རྒྱས་ཀྱི་འཕེལ་རིམ་ལ་དེ་ཙམ་ཕན་ནུས་མེད་པས་དེང་རབས་དང་བསྟུན་ནས་དོར་དགོས་པར་མཐོང་།
མདོར་ན། བོད་ཀྱི་སྲོལ་རྒྱུན་གྱི་རིག་པའི་གཞུང་ལུགས་དང་ལེགས་བྱང་སྲ་བརྟན་གྱི་ཐོག་དེང་རབས་ཀྱི་ཤེས་ཡོན་དགོས་ངེས་ཅན་ཁ་ཤས་ཀྱིས་བརྒྱན་ནས་ལམ་གསར་པའི་ཕྱོགས་སུ་བསྐྱོད་པ་ནི་མདུན་བསྐྱོད་ངོ་མ་དེ་ཡིན་པ་ལས། རྨང་གཞི་མེད་པར་མདུན་ལྗོངས་ཆེན་པོ་དེར་བསྐྱོད་ཆེ་དྲགས་ན་ནམ་ཞིག་རང་ཉིད་གང་ནས་སླེབས་པ་དང་། རང་ཉིད་གང་ཞིག་ཡིན་མིན་སོགས་ཀྱང་རླག་ནས་ལམ་བར་ནས་འཁྱོར་ངེས་པས། རང་ཉིད་མདུན་དུ་བསྐྱོད་པར་གང་དུ་བསྐྱོད་སའི་མདུན་ལྗོངས་ལ་བསམ་བློ་གཏོང་དགོས་ལ། གང་གི་ཆེད་དུ་བསྐྱོད་པའི་རྒྱབ་ལྗོངས་ཀྱང་མ་རླག་པ་དགོས་པ་ནི་གལ་གནད་ཆེན་པོ་ཞིག་ཡིན།

མང་གཙོ་དང་བོད་ཀྱི་མདུན་ལམ།

༧གོང་ས་མཆོག་གིས་བོད་འདི་མང་གཙོའི་ལམ་དུ་བསྒྱུར་གནང་མཛད་པ་ནི་ཕུགས་རྒྱང་རིང་པོར་དམིགས་པའི་སྲིད་ཇུས་རླབས་ཆེན་ཞིག་ཡིན། བོད་འདི་ཆོས་ལྡན་གྱི་ཞིང་ཞིག་ཡིན་པས་ད་བར་དུ་ཆོས་ཀྱིས་སྲིད་བསྐྱངས་པ་ཞིག་ཡིན་ལ། ཆོས་པས་སྲིད་ཀྱི་སྟེགས་བུར་འཛེགས་ནས་གཞུང་འདི་འཛིན་ཡོད་པས།བོད་དང་ཆོས་གཉིས་ནི་ཁ་བྲལ་ཐབས་མེད་པ་ཞིག་རེད། ཡིན་ཡང་། ཕྱོགས་གང་སར་ནས་ཆོས་དང་བཟང་སྤྱོད་ཉམས་ཆག་ཕྱིན་པའི་སྤྱི་ཚོགས་ཀྱི་ནང་དུ་སྲིད་གཞུང་འདི་འཛིན་ཐབས་ཤིག་ཡོད་པ་ནི་མང་གཙོའི་ལམ་ལུགས་འདི་རང་རེད། མང་གཙོ་ཚད་ལྡན་ཞིག་བོད་པའི་སྤྱི་ཚོགས་སུ་དར་ཚེ་བོད་ཀྱི་མདུན་ལམ་ལ་ཡར་རྒྱས་ཡོང་བ་ལས་བླ་མའི་དུས་རབས་རྫོགས་གྲབས་ཡོད་པས་བོད་ཀྱི་མདུན་ལམ་དང་ཡར་རྒྱས་ནི་མང་གཙོའི་གོ་རྟོགས་དང་ལག་བསྟར། དེ་བཞིན་མི་མང་གི་བསམ་བློའི་སྨིན་ཚད་ལ་འབྲེལ་བ་དམ་ཟབ་ཏུ་ཡོད། འདིའི་སྐོར་ཅུང་ཞིབ་ཏུ་འབྲི་འདུན་ཆེ་ཡང་། དུས་སྐབས་ལ་མ་སླེབས་ཤིང་ཕན་པ་ལས་གནོད་པ་ཆེ་བས་རེ་ཞིག་བཞག་གོ།

མདུན་བསྐྱོད་དང་ཆོལ་གསུམ་གཅིག་བསྒྲིལ།

མདུན་བསྐྱོད་ཀྱི་བསམ་བློའི་སྨིན་ཚད་ཚད་ལྡན་ཞིག་ཡོད་ན། ཕྱོགས་ལྷུང་དང་འཐེན་འཁྱེར་གྱི་བསམ་བློ་ནམ་ཡང་མི་སླེབས་པ་ཡིན། བོད་ཀྱི་ལོ་རྒྱུས་ཁག་ལ་བལྟས་པ་ཡིན་ན། ཡུལ་ལུང་འཐེན་འཁྱེར་དང་ཆོས་ལུགས་འཐེན་འཁྱེར་གྱི་དབང་གིས་དམག་འཕྲུག་དང་ནང་འཕྲུག་ཅི་རིགས་ཤིག་བྱུང་ཡོད་ཅིང་། ད་དུང་སེར་དམག་ཅེས་པའི་མིང་གོ་བ་ཙམ་གྱིས་སེམས་འཚབ་དགོས་པའི་གྲྭ་བ་དམག་ཏུ་འགྲོ་དགོས་པའི་ལོ་རྒྱུས་སྐྱུར་མོ་དག་ཀྱང་བྱུང་མྱོང་ཡོད་པ་རེད། དེ་སྐབས་ཀྱི་དམག་འཕྲུག་ཐབས་ཆད་ཡུལ་ལུང་དང་ཆོས་ལུགས་ཀྱི་རྙོག་གླེང་ཞིག་ལས་བོད་སྤྱིའི་བདེ་དོན་ཆེད་དུ་རྒྱབ་པ་ཞིག་ཕལ་ཆེར་མེད། ཡུལ་ལུང་ཕན་དབར་གྱི་འཐེན་འཁྱེར་གྱི་རྐྱེན་པས་བོད་ཀྱི་ས་ཁྲ་ལྷམ་གོག་བཟོ་དབྱིབས་ཅན་དེའི་ནང་གི་ཡུལ་ལུང་ཕན་ཚུན་ཡང་བར་ཐག་ཇེ་རིང་དུ་ཕྱིན་ནས་ཡུལ་དབུས་སུ་ཡོད་པའི་བོད་པའི་སྲིད་གཞུང་འདི་རང་གི་སྲིད་གཞུང་ཞིག་ཡིན་པའི་ཚོར་སྣང་གཏན་ནས་མེད་པར་གྱུར་པ་རེད། དེ་བཞིན་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་དབང་གིས་ས་དགེ་བཀའ་རྙིང་བོན་བཅས་ཀྱི་ཆོས་ལུགས་ནང་ཕན་ཚུན་རང་ཉིད་ནང་པ་གཅིག་མཚུངས་ཤིག་ཡིན་པའི་འདུ་ཤེས་མེད་པར་ཆོས་ལུགས་གང་ཞིག་ལ་ནུས་པ་དང་སྟོབས་ཤུགས་ཆེ་བ་ཡོད་ན་ཆོས་ལུགས་གཞན་རྣམས་རྨང་ནས་གཤིག་པའི་ལས་གཞི་འདྲ་མིན་བརྩམས་ཤིང་། ཕྱི་རོལ་མུ་སྟེགས་པ་བཞིན་དུ་ཕན་ཚུན་རྩོད་ཅིང་འཕྲུག་པ་ནི་བོད་འདི་ཕམ་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཡིན།
དུས་འགྱུར་འདི་བྱུང་རྗེས་རྐྱེན་ངན་གྲོགས་ཤར་ལྟ་བུར་བོད་ཀྱི་ཡུལ་ལུང་ཡོངས་རྫོགས་བོད་ཡིན་པའི་འདུ་ཤེས་སླེབས་ཡོད་ལ། བོད་ཀྱི་ཆོས་ལུགས་ནང་ཕན་ཚུན་ལའང་ཆོས་གྲོགས་ཤིག་གི་འདུ་ཤེས་སླེབས་ཡོད་པ་ནི། མདུན་བསྐྱོད་ཆེན་པོ་ཞིག་ཡིན། མདུན་བསྐྱོད་དེའི་འོག་ནས་ཆོལ་གསུམ་བོད་མི་ཡོངས་རྫོགས་ཅིག་སྒྲིལ་ཡོང་ཐུབ་ལ། ཆོས་ལུགས་ཡོངས་རྫོགས་ཀྱང་ཆིག་བསྒྲིལ་ཡོང་ཐུབ་པ་ཡིན།  དེ་ལྟ་བུའི་ཆིག་བསྒྲིལ་གྱི་སྟོབས་ཤུགས་ནི་བོད་ཀྱི་བདེན་མཐའ་གསལ་བའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ཡིན།

མཇུག་བསྡོམས།
ཇི་སྐད་དུ་ཟམ་གདོང་པཎ་ཆེན་གྱིས།
དབང་དང་མིང་གི་རེ་བ་མ་མཆིས་ཤིང་།།
འདུལ་རྒྱུའི་དགྲ་དང་སྐྱང་རྒྱུའི་གཉེན་ཡང་མེད།།
སྤྲང་འཁྱམས་བདག་ལ་ཆབ་སྲིད་མི་མཁོ་ཡང་།།
འཇིག་རྟེན་ཞི་བདེར་འདོད་པས་ཚིག་འདི་ཐལ།།

ཞེས་གསུངས་པ་ལྟར། ཁོ་བོ་ཆུང་དུས་ནས་ངུར་སྨྲིག་གི་སྡེ་རུ་འཛུལ་ནས་ཆབ་སྲིད་རིག་པའི་ཐོག་རྒྱུས་གཏན་ནས་མེད་ཅིང་། ཆབ་སྲིད་ལ་དོ་སྣང་ཡང་མེད་ཀྱང་བོད་ཀྱི་ཉག་ཕྲ་བའི་དུས་སུ་བོད་མི་ཞིག་ཡིན་པའི་འདུ་ཤེས་བཟུང་ནས་རང་རང་གི་ནུས་བབ་ལ་གཞིགས་པའི་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་དུ་རྩིས་པ་དང་། མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་འཛིན་སྐྱོང་ཁང་ནས་བོང་བར་གསེར་གཟིགས་ཀྱིས་གུས་པར་ཆེད་རྩོམ་འདི་བཞིན་འབྲི་དགོས་པའི་བཀའ་ཡི་མེ་ཏོག་སྤྱི་བོའི་རྒྱན་དུ་ཕེབས་པ་བཞིན། གུས་པས་དང་ལེན་ཞུས་ཀྱང་། ཉེ་ཆར་ཟླ་བ་གཅིག་ལྷག་གི་རིང་ཕྱི་ཕྱོགས་སུ་འགྲོ་དགོས་བྱུང་སྟབས་རྩོམ་འབྲི་འདི་ནར་འགྱངས་སུ་ཕྱིན་པས། དེ་རིང་བྲེལ་འཚུབ་ཀྱི་ངང་བློ་གསལ་གླིང་གི་དབུ་མའི་དྭོགས་གཅོད་ཚོགས་ཆེན་གྱི་གསོལ་ཇའི་བར་གསེང་གང་ཡོད་ལ་དམ་འཛིན་བྱས་ནས། བློ་གསལ་གླིང་གི་གྲལ་མཐའི་སློབ་གཉེར་བ་དང་སཱ་ར་མཐོ་སློབ་ཀྱི་ཡིག་འགྲུལ་སློབ་མ་ཐ་ཤལ་བ། བེ་རི་དཔལ་ལྡན་རྣམ་རྒྱལ་དུ་འབོད་པས་༢༠༡༠།༡༠།༡༤ཉིན་སྦྱར་བ་འདིའི་ནང་ནོར་བ་ཡོད་ངེས་པས་མཁྱེན་ལྡན་མཁས་པའི་སྤྱན་སྔར་བཟོད་གསོལ་ཞུ་རྒྱུ་དང་། ལེགས་སྤེལ་ཉེས་འགོག་གི་བཀའ་མཆིད་ལྷུག་པོར་སྩལ་གནང་ཡོང་བ་ཞུ།།