Wednesday, November 10, 2010

རྒན་ལགས། དགོངས་པ་མ་འཚོམས། ད་ང་ཐང་ཆད་སོང་།

རྒན་ལགས། དགོངས་པ་མ་འཚོམ ད་ང་ཐང་ཆད་སོང་།
ལ་ལོང་གཡོ་བའི་སྤྲིན་ནག་གསེང་ནས་ཆར་གྱི་ཟེགས་མ་སྟོང་དུ་ཉིལ།།
ཆུ་འཛིན་རླུང་གིས་དེད་པའི་མཚམས་སུ་ཉི་མའི་ཚ་རླབས་གཤེད་དུ་འབར།།
དུས་དང་ཁོར་ཡུག་མགོ་མཇུག་ལྡོག་པའི་དབྱར་མ་དགུན་གྱི་ལྷོ་མཐའ་ནས།།
རིང་དུ་བྲལ་བའི་སློབ་དཔོན་ཁྱེད་ཉིད་དྲན་པའི་གདུང་བ་སྙིང་ཁར་ལྕི།།


མྱི་ཁའི་གདོན་འདྲེའི་རོ་དུང་འབུད་པའི་ཡོ་ལང་ཆེ་བའི་འཕྲང་ལམ་ནས།།
གོག་མ་འགྲོས་ཀྱིས་སྟངས་སྟབས་ཤིག་གིས་བདེན་པའི་རྒྱལ་སར་སྙེག་པར་བརྩམས།།
རི་སྐེད་ཅིག་ནས་ཕྱི་ལ་བལྟས་པས་ཁྱི་སྤྱང་སྟོང་གི་རྗེས་འདེད་མང་།།
ཡ་སོ་རིང་པོ་ཕྱི་ལ་ངོམས་ནས་ཟུག་རྔུ་སྟོང་གིས་རི་ལུང་གཡོ།།

སྤང་ཐང་དེ་ནས་རྩ་བཅུད་མངར་མོས་ལུས་སེམས་སྟོབས་ཤུགས་བསྐྱེད་བྱས་པས།།
ལྐུགས་པའི་ཁ་ནས་ལེགས་བཤད་ནོར་བུ་སྐྱུགས་པའི་གོ་སྐབས་ཡོད་མིན་ཡང་།།
རྩ་མཆོག་ཟས་པའི་ལྕི་བ་དྲོན་མོ་སྤང་ཐང་དེ་རུ་གཏོང་བྱེད་ན།།
ལུ་གུའི་ཟས་སུ་མི་འོས་ན་ཡང་བུད་ཤིང་དོད་དུ་རུང་ངོ་སྙམ།།

གཡང་དཀར་ལུག་གིས་འབའ་སྒྲ་སྒྲོག་པའི་སྔོ་ལྗང་ལྡན་པའི་སྤང་ཐང་ན།།
མཇུག་མ་མེད་པའི་སྤྲང་ཁྱི་རྒན་པོས་གཡང་དཀར་ལུ་གུ་བཙན་འཁྲིད་བྱས།།
མུན་ནག་བཙོན་གྱི་དྲ་བའི་གསེང་ནས་ལུ་གུ་སྟོང་གིས་ངུ་འབོད་སྒྲོག།
མགོན་སྐྱབས་མེད་པའི་ལུ་གུའི་ཚོགས་ལ་སྙིང་རྗེས་ལུས་སེམས་ཀུན་ནས་སྦྲིད།།

སྐད་སྒྲ་མེད་པའི་འོག་རླུང་ངར་མོས་མཁའ་རླུང་དྭངས་མ་སྦགས་པར་བྱེད།།
རྣག་དང་བསྲེས་པའི་ཁྲག་ཐིག་ཅིག་གིས་དྭངས་གཙང་ཆུ་བོ་སྙོག་པར་བྱེད།།
ད་ནི་སྲོག་དབུགས་ཆད་པར་གྱུར་ཀྱང་མཁའ་རླུང་འདི་ཉིད་རྔུབ་འདོད་མེད།།
བཀྲེས་སྐོམ་བརྒྱ་ཡིས་ཀུན་ནས་མནར་ཀྱང་ཆུ་བོ་འདི་ཉིད་འཐུང་འདོད་མེད།།

ཟོལ་མེད་སྙིང་གི་སྟོབས་ཤུགས་ཤིག་གིས་རེ་བའི་དཔལ་འབར་འདེགས་ན་ཡང་།།
སྤྲིན་ནག་སྟུག་པོའི་དྲག་ཆར་ཞིག་གིས་མེ་ལྕེ་གསོད་པར་རྟག་ཏུ་རྒོལ།།
དུས་ངན་ཆར་གྱི་བསྐལ་བའི་ནང་དུ་འོད་སྟོང་ལྡན་པའི་དཔལ་འབར་ལ།།
ལོངས་སུ་སྤྱོད་སྐལ་མེད་དམ་སྙམ་ནས་མེ་རླབས་ག་ལེར་ནང་དུ་བསྡུས།།

མིག་དང་ཡིད་དང་རྣ་བ་གསུམ་པོ་རྟག་ཏུ་ཡོངས་སུ་བགྲད་པ་ལས།།
དབྱིན་བོད་ཧིན་གྱི་ཤེས་བྱའི་ཉིང་བཅུད་ང་ཡི་ལུས་པོར་ཡོངས་སུ་སིམ།།
གང་དུ་བགྲོད་ཀྱང་གང་ཞིག་བྱེད་ཀྱང་ཕྱོགས་ནས་ཕྱོགས་ཀྱི་མཁས་རྒུ་ཡིས།།
རྙེད་དཀའི་མགྲོན་པོའི་ཟོལ་དུ་འབོད་པའི་འཚང་ཁའི་ངལ་བ་ཀུན་གྱིས་བསྟེན།།

དེང་རབས་ལོ་མཉམ་གཙུག་ལག་སྨྲ་བ་བརྒྱ་དང་སྟོང་གི་སྤྱི་བོ་རུ།།
མི་འཇིགས་སྤོབས་པས་དལ་གྱིས་འགྱིངས་པའི་རྫ་བ་ཚང་གི་འགྱུར་དགའི་བུ།།
བེ་རི་མཁས་པའི་ཐུགས་ཀྱི་སྲས་གྱུར་བེ་རི་དཔལ་ལྡན་རྣམ་རྒྱལ་ཞེས།།
ཉེ་བའི་གཙུག་ལག་རབ་འབྱམས་པ་དེས་ལྷོ་མཐའི་ཡུལ་ནས་ཁྱེད་ལ་ཕུལ།།

No comments:

Post a Comment