Thursday, October 21, 2010

ངའི་རབ་རིབ་ཀྱི་རྨི་ལམ།

ངའི་རབ་རིབ་ཀྱི་རྨི་ལམ།

ལྷུང་ལྷུང་འབབ་པའི་སྦྲང་ཆར་ཟེགས་མས་ཀུན་བཟོད་སྒེག་མོའི་བཞིན་རས་བརླན།།
བསིལ་ལྷང་ལྷང་གི་རླུང་བུ་ཞིག་གིས་དགུན་གྱི་རྒྱལ་མོ་མགྲོན་དུ་འགུག།
འཁྱག་སིག་སིག་གི་འཚོ་བའི་ཁྲོད་ནས་མིག་ཟུང་འདབ་མ་ཟུམ་བྱས་ནས།།
ཁ་དོག་མེད་པའི་རབ་རིབ་རྨི་ལམ་ཡང་བསྐྱར་ཐེངས་གཅིག་གཏོང་མགོ་བརྩམས།།

རྐང་འཐུང་སྒེག་མོའི་འདབ་མའི་རྩེ་ནས་ཆར་གྱི་ཐིགས་པ་མགོ་ལ་ལྷུང་།།
ཕྲ་ཆུང་མིག་ཟུང་འདབ་མའི་མཐའ་ནས་མིག་ཆུའི་ཟེགས་མ་དལ་གྱིས་ལྷུང་།།
ཆར་དང་མིག་ཆུ་འཐབ་པའི་སྲུབ་ནས་མངར་སྐྱུར་འདྲེས་མའི་འཚོ་བ་ཡིས།།
ཟུར་གསུམ་སྙིང་ཆུང་སྡུག་གིས་གས་ནས་ཟུངས་ཁྲག་དམར་པོ་དྲག་ཏུ་འཕྱོ།།

ངེས་མེད་རླུང་བུ་ཤུགས་ཀྱིས་ལྡང་དུས་སྟོན་མཇུག་ལོ་མ་སེར་པོ་བཞིན།།
དྲི་བཞོན་བུ་མོའི་ལྷན་དུ་འགྲོགས་ནས་མགོ་མཇུག་མེད་པའི་ཡུལ་ལུང་འགྲིམས།།
ཕྲ་བོའི་མཚོན་གྱིས་ཡོངས་སུ་སྦངས་པའི་འཕྲང་ལམ་དོག་པའི་ཟུར་ཀ་ནས།།
ཁ་དོག་མེད་པའི་རྨི་ལམ་ཞིག་གིས་མི་ཚེ་ཐུང་ངུའི་དབུ་ཁྱུད་བྲིས།།

ལྷམ་གོག་ལྗིད་པོས་རྡོག་པས་རྫིས་དུས་རྐང་པའི་འོག་གི་ས་འབུ་བཞིན།།
སུག་ལག་ཆག་པའི་ན་ཟུག་ཅིག་གིས་མགོ་བོ་བཏེགས་པའི་གོ་སྐབས་འཕྲོག།
རེ་ཐང་ཆད་པའི་དབུགས་ཀྱི་རྒྱུ་བ་བཞི་ཤད་རི་མོས་མ་བཅད་པར།།
ཁ་དོག་མེད་པའི་རྨི་ལམ་ཞིག་གིས་རང་སེམས་གསོ་བའི་ཉེར་བསྡོགས་བསྐྲུན།།

ལས་དབང་བཙན་པོས་འགྲམ་ལྕག་གཞུས་དུས་ཆང་བཟི་རྒྱ་བོའི་གོམ་འགྲོས་བཞིན།།
འཁྱར་མ་འཁྱོར་གྱི་སྟངས་སྟབས་ཤིག་གིས་ཕུགས་བསམ་ཕྲ་མོའི་ལམ་སྣེ་འཚོལ།།
ཕུགས་འདུན་རྨུ་ཐག་དམ་གྱིས་འཇུས་ནས་ས་ཕྱོགས་ངེས་མེད་དྲུད་པར་བྱས།།
ཁ་དོག་མེད་པའི་རྨི་ལམ་ཞིག་གིས་རང་ཉིད་རྙེད་པའི་དགའ་ཚོར་བྱིན།།

༢༠༡༠། ༠༩།༢༠ཉིན་འབྲུག་གི་མགྲོན་ཁང་ཞིག་ནས།

2 comments:

  1. དྲ་གྲོགས་ལགས། བཀླགས་ཟིན། ངའི་ཟིན་བྲིས་ཀྱི་ཁ་བྱང་འདི་རེད། http://jamyangdakpa.blogspot.com/དེ་མིན་གོང་གི་ངའི་མིང་དེ་ལ་གནོན་ནའང་བལྟ་ཀློག་བྱེད་ཐུབ།

    ReplyDelete