Monday, October 18, 2010

སེམས་ཚོར་ དམར་པོའི་སྒུལ་ཤུགས།


སེམས་ཚོར་དམར་པོའི་སྒུལ་ཤུགས།
 
ཝར་ཎ་མཐོ་སློབ་ ཀྱི་ཁམས་པའི་བུ་མོ་ཞིག་ལ།
 
ཚ་རླབས་འབར་བའི་ཝར་ཎའི་མཐོ་སློབ་ནས།།
བེ་རི་མཁས་པའི་ གཟིམ་ཤག་ནར་མོའི་ནང་།།
མདུན་འཇོག་གོར་གོར་སྟེང་ན་གང་ཁྱོད་ཀྱི།།
སྙན་ངག་འབྲི་དེབ་ མཇལ་བའི་སྐལ་བ་བྱུང་།།

ཤོག་ལྷེ་འདབ་མ་དལ་གྱིས་བསྒྱུར་བྱས་ཏེ།།
སྙན་ངག་རེ་རེ་ཐ་ར་ ཐོ་རེས་བཀླགས།།
ལས་དབང་རྦ་རླབས་འཕྱུར་བའི་མཇུག་སྣེ་ནས།།
སེམས་ཚོར་ལྷན་དུ་ འདྲེས་པའི་སྣང་བ་བྱིན།།
 
གེ་སར་རྒྱལ་པོའི་ཁྲག་རུས་བརྒྱུད་པ་ཡི།།
བར་ཁམས་མགོ་ནག་མི་ ཡི་ཞིང་ས་ནས།།
རྒྱུས་མེད་ས་མཐའི་ཡུལ་ན་འགྲིམས་བྱས་པའི།།
ཁམས་པའི་ན་མོ་ ཁྱོད་ལ་འཕྲེང་ཞེན་ཆེ།།
 
མིང་བྱང་ཆེན་པོའི་ཁ་གཡང་སྙན་མོའི་འོག།
ཁོག་ནས་རུལ་བའི་ དྲི་ངན་བྲོ་ན་ཡང་།།
བཅོས་མའི་དྲི་བཟང་གཏོར་བའི་འདུ་འཛིའི་འོག།
སློབ་མ་ཁྱོད་འདྲ་ ཡོད་པས་འདོད་བློ་ཚིམ།།
 
སྤྲེལ་སྐད་ཨེ་སྦི་སི་སྒྲིའི་སྐད་ཅོར་དང་།།
ཡུ་རོ་སྒྲོ་ལར་ གླེང་བའི་འུར་ཟིང་ཁྲོད།།
ཁ་བའི་རྣམ་ཤེས་ཞུགས་པའི་ན་མོ་ཞིག།
གངས་རིའི་ལས་དབང་ བསམ་པ་དགའ་བའི་གནས།།
 
སྙན་ངག་མེ་ཏོག་རེ་རེ་ཡར་བཏུས་ནས།།
དྲི་མ་སྣུམ་ཞིང་ མིག་གིས་ཡང་དུ་བལྟས།།
མིག་ཡིད་རྣ་བ་གསུམ་གྱི་དགའ་སྟོན་དུ།།
བསྟར་བའི་ལྡུམ་ར་ འདི་ཀོ་ཁ་བའི་རྒྱན།།
 
ཀུན་གྱི་ཤུལ་དུ་ལུས་པའི་ས་མཐའ་ན།།
ད་ཕྲུག་མིང་བྱང་ནག་ པོའི་བརྙས་བཅོས་འོག།
དམར་པོའི་ལས་དབང་མཐུན་པའི་སྲུབ་ཀ་ནས།།
ཡོད་ཚད་གཅིག་ཏུ་ མཐུན་པའི་སྣང་བ་བྱིན།།
 
ཞུམ་པའི་སྦགས་གཙོག་འདམ་དུ་མི་ལྷུང་ ཞིང་།།
ཨ་གསར་འཇའ་ཡི་ཟེར་ ལ་མི་འཇུ་བར།།
མགོ་ ནག་མི་ཡི་རུས་པ་མཁྲེགས་པོ་ཡིས།།
རྨོངས་པའི་མགོ་བོའི་ཀླད་རྩ་འགེམས་གྱུར་ཅིག།
 
དབུ་སྐྲ་རིང་ཡང་བློ་སྣ་ཐུང་བ་དང་།།
ལྕེ་སྣེ་རིང་ཡང་ལག་ པ་ཐུང་བ་ཡི།།
རིང་ ཐུང་མགོ་སྙོམས་མེད་པའི་དྲི་མ་ཡིས།།
མགོ་ནག་ན་མོ་ཁྱོད་ལ་འགོ་མི་ཉན།།
 
ཚིགས་བཅད་དམ་དུམ་སྦྱོར་བའི་སྤོབས་པ་ ཡིས།།
ཉིད་ཀྱི་ཐུགས་བློ་ ནམ་ཡང་ཚིམ་མི་ཉན།།
ཡངས་པའི་རྩོམ་རྩལ་རིག་པའི་འཇུག་ངོགས་སུ།།
ཟད་པའི་ཕ་མཐའ་ནམ་ ཡང་ཡོད་མ་ཡིན།།

གངས་ཅན་བརྡ་དག་རིག་པའི་རྨང་གཞིའི་ སྟེང་།།
སྲོལ་རྒྱུན་སྙན་ ངག་ཁང་བཟང་བརྩིགས་པ་དེར།།
དེང་རབས་ཚོན་རྩི་འདྲ་མིན་བྱུག་བྱེད་ན།།
རྩོམ་རིག་ཕོ་བྲང་ མཐོན་པོ་གཞི་ནས་མཐོང་།།
 
གངས་རིའི་སུལ་གྱི་མཁས་པའི་ཞབས་རྗེས་ དེ།།
ཁ་ཆར་ཟུང་གིས་ཟུབ་ ལ་ཉེ་དུས་འདིར།།
ཁ་ བའི་རྣམ་ཤེས་ཞུགས་པའི་སེང་ཕྲུག་ཚོས།།
གངས་རིའི་ལས་དབང་འཚོལ་ལ་འབུངས་ཤིག་ཀྱེ།།
 
དབྱིན་བོད་ཧིན་གྱི་འཕྲང་ལམ་དོག་པོ་ དེར།།
ཇི་ཙམ་འགྲིམས་ན་ སུན་སྣང་དེ་བས་ཆེ།།
དེ་ལྟར་ན་ཡང་དེང་རབས་དང་བསྟུན་ནས།།
དེ་དག་ལ་ཡང་མིག་ ཞགས་འཕེན་པར་མཛོད།། 

དབྱིན་བོད་ཧིན་གྱི་རིག་པའི་གཞུང་ ལུགས་ཀྱི།།
ཆུ་ཀླུང་རྣག་ཁྲག་ ལྷན་དུ་བཏུང་བ་ལས།།
ཆོས་དང་འཇིག་རྟེན་གཉིས་ཀྱི་བར་དོ་རུ།།
ཞུགས་པ་ཁོ་བོས་ སྙིང་ཁའི་མཐིལ་ནས་ཤོར།།
 
༢༠༡༠། ༠༩།༢༦། ཉིན་ཝར་ཎའི་མཐོ་སློབ་ནས་ཁམས་པའི་ན་མོ་ཞིག་གི་སྙན་ངག་དཔེར་བརྗོད་ ཀྱི་འབྲི་དེབ་ཅིག་མཐོང་བས་རྐྱེན་བྱས་ཏེ། མགོན་མེད་ཟས་སྦྱིན་གྱི་མགྲོན་ཁང་ནས་ མཚན་མོར་ཉལ་ཁར་ཤར་མར་བྲིས་སོ།།

No comments:

Post a Comment